ཨ་མེ་རི་ཀའི་ཝ་ཤིང་ཊོན་མངའ་སྡེའི་སིཡེ་ཊལ་གྲོང་ཁྱེར་ (Seattle) དུ་བོད་ཀྱི་དུས་སྟོན།
* གནས་ཚུལ་ཁ་སྣོན། ༠༨།༡༢།༢༠༢༤
ཕྱི་ཟླ་ ༨ ཚེས་ ༡༠ རེས་གཟའ་སྤེན་པ་ནས་དབུ་འཛུགས་ཀྱིས་ཉིན་གཉིས་རིང་ཨ་རིའི་ཝ་ཤིང་ཊོན་མངའ་སྡེའི་སིཡེ་ཊལ་ (Seattle) གྲོང་ཁྱེར་ནང་དུ་ཚོགས་ཡོད་པའི་བོད་ཀྱི་དུས་སྟོན་འདིའི་ནང་ས་གནས་བོད་མིའི་སྒྱུ་རྩལ་བ་རྣམས་ཀྱིས་བོད་ཀྱི་རོལ་དབྱངས་དང་བོད་ཀྱི་རིག་གཞུང་གི་གཞས་སྣ་སོགས་འཁྲབ་སྟོན་གཟིགས་འབུལ་ཞུ་བཞིན་ཡོད་པ་མ་ཟད། བོད་ཀྱི་ཟློས་སྒར་ཚོགས་པ་ནས་ཐོན་པའི་སྒྱུ་རྩལ་བ་དང་ས་གནས་བོད་པའི་སློབ་ཕྲུག་རྣམས་ཀྱིས་ཀྱང་འཁྲབ་སྟོན་གཟིགས་འབུལ་ཞུ་རྒྱུ་ཡིན་སྐོར་བཀོད་འདུག
ཡང་བོད་ཀྱི་དུས་སྟོན་དེའི་སར་བོད་ཀྱི་རོ་བཅུད་ལྡན་པའི་ཞལ་ལག་ལ་དགའ་པོ་ཡོད་མཁན་རྣམས་ལ་དམིགས་ཏེ་བོད་ཀྱི་དུས་སྟོན་སྐབས་ཁྲོམ་སྟེགས་མང་པོ་ཡོད་པ་ཁག་གི་ནང་བོད་ཟས་མོག་མོག་གཙོས་པའི་ཞལ་ལག་སྣ་ཚོགས་འགྲེམས་ཚོང་ཞུ་གི་ཡོད་སྟབས་་དེ་དག་ལ་ངང་སྒུག་ཞུ་མཁན་ཡོད་པ་བསྒྲགས་འདུག
དེའི་ཐད་སིཡེ་ཊལ་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་རྣམ་རྒྱལ་ནང་ལོ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། ཨ་མི་རི་ཀའི་ཝ་ཤིན་ཀྲོན་མངའ་སྡེའི་སིཡེ་ཊལ་གྲོང་ཁྱེར་(Seattle)དུ་བོད་ཀྱི་དུས་སྟོན་དང་འབྲེལ་བོད་དང་བོད་ཀྱི་རིག་གཞུང་ངོ་སྤྲོད་ཁྱབ་བསྒྲགས་ཡག་པོ་བྱུང་སོང་།
ཉིན་གཉིས་ཀྱི་རིང་ལ་བོད་ཀྱི་ཟློས་གར་ཚོགས་མི་ཟུར་པ་དང་། ས་གནས་ཀྱི་བོད་མི་སྒྱུ་རྩལ་པ་སོགས་ཀྱིས་འཁྲབ་སྟོན་སྣ་མང་བྱས་བ་བརྒྱུད་བོད་དང་བོད་ཀྱི་རིག་གཞུང་ཁྱབ་བསྒྲགས་ཡག་པོ་བྱུང་སོང་། མ་ཟད་བོད་ཀྱི་ཚོང་རྫས་དང་བོད་ཀྱི་ཟས་སྣ་སོགས་ངོ་སྤྲོད་བྱེད་རྒྱུ་བྱུང་། སྒོ་འབྱེད་མཛད་སྒོའི་སྐབས་སིཡེ་ཊལ་ལྟེ་གནས་ཁང་གི་ལས་དོན་འགན་འཛིན་མཆོག་གདན་ཞུས་ལྟར་ཕེབས་ནས་གཏམ་བཤད་ཡག་པོ་གནང་སོང་བ་སོགས་ངོ་སྤྲོད་གནང་བྱུང་།
ལོ་ལྟར་ཚོགས་བཞིན་པའི་སིཡེ་ཊལ་བོད་ཀྱི་དུས་སྟོན་གྱི་སར་ཀརཊ་སིམིཐི་ (Kurt་Smith) ལགས་ཀྱིས་ས་གནས་བོད་མིའི་མཛེས་སྡུག་ལྡན་པའི་རིག་གཞུང་དང་འབྲེལ་བའི་མཛད་སྒོ། གྱོན་གོས་འདྲ་མིན་གསལ་བའི་བོད་མིའི་རིག་གཞུང་དང་འབྲེལ་བའི་འདྲ་པར་བསྐྱོན་པ་ཁག་འགྲེམས་སྟོན་གནང་བཞིན་ཡོད་འདུག་ལ། ཧི་མ་ལའི་ཁྲོམ་ས་ཞེས་པའི་ནང་ལག་པས་བཟོས་པའི་རྒྱན་ཆ་དང་གྱོན་ཆས་བཅས་དྲན་རྟེན་གྱི་ཆེད་དངོས་ཟོག་མང་པོ་སྤུས་གཟིགས་གནང་རྒྱུ་ཡོད་པ་དང་། ཡང་སྐབས་དེར་བོད་ནང་ལོ་སྟོང་ཚོ་མང་པོའི་རིང་གི་སྒྱུ་སྩལ་རིག་གནས་སྐབས་ཤིང་བརྐོས་མཁས་པ་ཞིག་གིས་ཤིང་བརྐོས་སྐྱོན་སྟངས་སྐོར་དངོས་སུ་མང་ཚོགས་ལ་གཟིགས་འབུལ་འགྲེམས་སྟོན་གནང་གི་ཡོད་འདུག
གསར་འགོད་པ། སེངྒེ་རི་བསོད་ནམས་ལྷ་མོ། བོད་རྒྱལ།
རྩོམ་སྒྲིག་པ་། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། བཀྲིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ནོར་སྡེ་སྒྲོལ་མ།