བོད་རང་བཙན་སློབ་ཕྲུག་ཚོགས་པས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ།
2020.10.23
རྒྱ་ནག་གཞུང་གིས་ཧོང་ཀོང་གི་བྲོས་བྱོལ་བ་འཛིན་བཟུང་བྱས་ནས་ཁོང་ཚོའི་ནང་མི་དང་ཁྲིམས་རྩོད་པ་སོགས་ལ་ཐུག་བཅུག་གི་མེད་པར་བརྟེན་བོད་རང་བཙན་སློབ་ཕྲུག་ཚོགས་པས་རྒྱ་ནག་གཞུང་གི་བྱ་སྤྱོད་ཐད་ངོ་རྒོལ་བྱས་འདུག
བོད་རང་བཙན་སློབ་ཕྲུག་ཚོགས་པས་སྤྱི་ཟླ་༡༠པའི་ཚེས་༢༣ཉིན། རྒྱ་གར་རྡ་རམ་སཱ་ལ་ནས་ངོ་རྒོལ་ལས་འགུལ་དེ་སྤེལ་སྐབས།
བོད་རང་བཙན་སློབ་ཕྲུག་ཚོགས་པའི་རྒྱ་གར་གྱི་ཚོགས་གཙོ་རིག་འཛིན་ཆོས་སྒྲོན་ལགས་ནས། རྒྱ་ནག་གཞུང་གིས་ཧོང་ཀོང་གི་ལས་འགུལ་པ་རྣམས་གང་མགྱོགས་གློད་གྲོལ་གཏོང་དགོས་པ་ང་ཚོས་དགོས་འདུན་འདོན་གྱི་ཡོད། རྒྱལ་སྤྱིའི་གཞུང་དང་མི་མང་ཚོས་ཀྱང་རྒྱ་ནག་གཞུང་གིས་བོད་ནང་ཙམ་དུ་མ་ཟད། ཤིན་ཅིང་དང་ཐེ་ཝན། ལྷོ་སོག་པོ་བཅས་ཀྱི་ནང་དུའང་གདུག་རྩུབ་དང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ། སྐད་ཡིག་རྩ་མེད་སོགས་བཟོ་བཞིན་ཡོད་པར། བཀག་སྡོམ་བྱ་དགོས་པའི་རེ་སྐུལ་གནང་བ་དང་། གཞན་ཡང་ཁོང་གིས་ལས་འགུལ་བ་དེ་ཚོ་གཞོན་སྐྱེས་ཞེ་གཅིག་ཡིན་པ་མ་ཟད། ལོ་ན་ཆུང་ཤོས་རང་ལོ་༡༦ལས་སོན་མེད་པས། ང་ཚོ་བོད་མི་གཞོན་སྐྱེས་ཡིན་པའི་ངོས་ནས་ཁོང་ཚོ་ལ་གདུང་སེམས་མཉམ་བསྐྱེད་བྱེད་ཀྱི་ཡོད་པ་གསུངས་ཡོད་པ་རེད།
བར་ལམ་ཧོང་ཁོང་ནང་རྒྱ་ནག་ལ་ངོ་རྒོལ་གྱི་ཛ་དྲག་ལས་འགུལ་མང་པོ་ཞིག་བྱུང་ཡོད་པ་དང་བསྟུན། སྤྱི་ཟླ་༨པའི་ཚེས་༢༣ཉིན་ཧོང་ཀོང་གི་ལས་འགུལ་བ་༡༢གྲུ་ཆུང་ཞིག་ཏུ་བསྡད་དེ། ཐེ་ཝན་གྱི་ནང་སྐྱབས་བཅོལ་དུ་འགྲོ་རྩིས་བྱས་སྐབས། རྒྱ་ནག་སྐམ་སའི་མཚོ་ཁུག་གྲོང་ཁྱེར་ཧྲིན་ཀྲིན་དང་ཐག་ཉེའི་མཚོ་ཐོག རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་གིས་བཙན་ཁྲིད་བྱས་ཡོད་པ་མ་ཟད། ཧྲིན་ཀྲིན་གྲོང་ཁྱེར་གྱི་ས་གནས་གཞུང་གིས་འཛིན་བཟུང་ཆོག་མཆན་སྤྲད་ཡོད་པར་བརྟེན། ཧོང་ཀོང་གི་ལས་འགུལ་བ་ཚོ་བཀག་ཉར་གྱིས་ཟླ་བ་གཉིས་ཟིན་གྱི་ཡོད་ནའང་། ཁོང་ཚོའི་ནང་མི་སྤུན་མཆེད་དང་ཁྲིམས་རྩོད་པ་བཅས་ལ་རྩ་བ་ནས་ཐུག་མ་བཅུག་པར། བློ་ཕམ་དང་རྒྱ་ནག་གཞུང་ལ་ངོ་རྒོལ་ཡོད་པ། ལས་འགུལ་བ་དེ་ཚོ་འཕྲལ་དུ་གློད་གྲོལ་བཏང་དགོས་དགོས་འདུན་བཏོན་ཡོད་པ་རེད།
འདི་ལོའི་སྤྱི་ཟླ་༦པའི་ཚེས་༣༠ཉིན་ཧོང་ཀོང་དུ་རྒྱ་ནག་གཞུང་གིས་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཞི་ཟེར་བ་ལག་བསྟར་གྱིས། སྔར་དང་མི་འདྲ་བར་དམ་དྲག་དང་འཛིན་བཟུང་ཤུགས་ཆེ་བྱེད་ཀྱི་ཡོད་པ་རེད།