ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་འདེམས་ཐོན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་གཞུང་འབྲེལ་འཚམས་འདྲི་གནང་བར་ཁོང་གིས་ཐུགས་རྗེ་ཆེ་གསུང་གནང་བ།

0:00 / 0:00

ཕྱི་ཟླ་ ༥ ཚེས་ ༡༤ ཉིན་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་སྐུ་ཞབས་ ནེཌ་པརཡེསི་ (Ned Price) ལགས་ཀྱི་མཚན་ཐོག་ནས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་འདེམས་ཐོན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་གཞུང་འབྲེལ་གྱི་ཐོག་ནས་འཚམས་འདྲི་གནང་བར། འདེམས་ཐོན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཨ་མི་རི་ཀ་གཞུང་ནས་བོད་མིའི་སྒྲིག་འཛུགས་ཀྱི་འདེམས་ཐོན་སྲིད་སྐྱོང་ལ་འཚམས་འདྲི་གནང་བར་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ཐུགས་རྗེ་ཞུས་གནང་བ་དང་ཆབས་ཅིག་དེ་ནི་བོད་རྒྱ་ཆེ་མི་མང་གི་སྙིང་སྟོབས་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུང་ཡོད་པ་རེད།

ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་སྐུ་ཞབས་ (Ned Price) ཡིས་གཞུང་འབྲེལ་ཊུ་ཊར་དྲ་ལམ་ཐོག་གི་འཚམས་འདྲིའི་ནང་། འཛམ་གླིང་ས་ཕྱོགས་གང་སར་གནས་པའི་བོད་མི་ཚོར་ཨ་རི་ངོས་ནས་རྒྱབ་སྐྱོར་གནང་ཆེད་འདེམས་ཐོན་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་དང་དབུས་བོད་མིའི་སྒྲིག་འཛུགས་བཅས་དང་ལྷན་དུ་ལས་དོན་སྤེལ་གནང་རྒྱུའི་འདུན་པ་ཆེན་པོ་ཡོད་པ་གསུངས་འདུག་ཅིང་། འདེམས་ཐོན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་ཀྱང་། འབྱུང་འགྱུར་ཨ་རི་གཞུང་དང་མཐུན་ཕྱོགས་རྒྱལ་ཁབ་སོགས་དང་ལྷན་དུ་འབྲེལ་བ་དམ་ཟབ་གནང་བའི་ཐོག་ནས་བོད་རྒྱ་དཀའ་རྙོག་སེལ་ཐབས་གནང་རྒྱུ་ཡིན་པ་གསུང་གི་འདུག།