སྲིད་སྐྱོང་མཆོག་གིས་དབུས་བོད་སློབ་འཛིན་ཚོགས་ཀྱི་ཁྱབ་ཁོངས་སློབ་གྲྭ་ཁག་ནང་གཟིགས་སྐོར།

2021-09-08
Share
སྲིད་སྐྱོང་མཆོག་གིས་དབུས་བོད་སློབ་འཛིན་ཚོགས་ཀྱི་ཁྱབ་ཁོངས་སློབ་གྲྭ་ཁག་ནང་གཟིགས་སྐོར། སྲིད་སྐྱོང་མཆོག་གིས་དབུས་བོད་སློབ་འཛིན་ཚོགས་ཀྱི་ཁྱབ་ཁོངས་སློབ་ཁག་ལ་གཟིགས་སྐོར་སྐབས། ༠༩།༢༠༢༡
tibet.net

སྲིད་སྐྱོང་མཆོག་སིམ་ལ་གཏན་འཇགས་སློབ་གྲྭའི་ནང་འཚམས་གཟིགས་ཕེབས་པའི་སྐབས་མ་འོངས་སློབ་གྲྭ་ཁག་རྩིས་ལེན་གནང་རྒྱུའི་གནད་དོན་སྐོར་གསུངས་འདུག
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་དབུས་བོད་སློབ་འཛིན་ཚོགས་ཀྱི་ཁྱབ་ཁོངས་སློབ་གྲྭ་ཁག་ཅིག་ལ་གཞུང་འབྲེལ་འཚམས་གཟིགས་གནང་བཞིན་པ་དང་། ཟླ་བ་འདིའི་ཚེས་༧་ཉིན་སིམ་ལ་གཏན་སློབ་དུ་འཚམས་གཟིགས་གནང་སྟེ་གཏམ་བཤད་གནང་བའི་སྐབས། ད་རེས་གཏན་འཇགས་སློབ་གྲྭ་ཁག་ལ་གཟིགས་སྐོར་གནང་དོན་ནི། དེ་སྔ་ནས་འཆར་གཞི་ཡོད་བཞིན་པའི་གཏན་འཇགས་སློབ་གྲྭ་ཁག་བོད་སློབ་འཛིན་ཚོགས་ནས་ཚུར་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་རྩིས་ལེན་གནང་རྒྱུའི་གནད་དོན་ཐད། སློབ་གྲྭའི་གནས་སྟངས་ལ་གཟིགས་ཞིབ་སླད་ཡོང་པ་ཡིན། འོན་ཀྱང་། སིམ་ལ་སློབ་གྲྭར་ཆ་བཞག་ན་སློབ་ཕྲུག་༣༠༠་ལྷག་ཙམ་ཡོད་པའི་ཁོངས་ནས་བོད་པའི་སློབ་ཕྲུག་༡༣་ཙམ་ལས་མེད་པ་དང་། གཞན་རྣམས་རྒྱ་གར་ཡུལ་མིའི་ཕྲུག་གུ་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཕྲུ་གུ་ཤ་སྟག་ཡིན་པ་སློབ་གྲྭ་གཞན་གྱི་གནས་སྟངས་དང་འདྲ་མཚུངས་འདུག དེའི་རྒྱུ་རྐྱེན་གཅིག་ནི། བོད་ནས་ཕྲུ་གུ་ཡོང་མཁན་ཉུང་དུ་ཕྱིན་པ་དང་། ཕྱོགས་གཞན་ཞིག་ནས་བཙན་བྱོལ་བོད་མིའི་འཚོ་བའི་གནས་སྟངས་ཡར་རྒྱས་ཕྱིན་པ་སོགས་ཀྱི་ཡིན་ལུགས་གསུངས་པ་དང་། སྲིད་སྐྱོང་མཆོག་གིས་གཏན་འཇགས་སློབ་གྲྭ་ཁག་ལ་གཟིགས་ཞིབ་དང་འབྲེལ་རྒྱ་གར་གཞུང་གི་འབྲེལ་ཡོད་དཔོན་རིགས་ཚོ་དང་མཇལ་འཕྲད་གནང་སྟེ་སློབ་གྲྭ་ཁག་གང་མགྱོགས་བརྩིས་བཞེས་རྒྱུའི་བཀའ་མོལ་ཞུ་གི་ཡིན་ཞེས་གསུངས་འདུག
སྲིད་སྐྱོང་ལྷན་གཟིགས་སྐོར་དུ་ཕེབས་མཁན་ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས་ནས། ཕྱི་ལོ་༢༠༡༣་ལོ་ནས་བཟུང་ཤེས་རིག་ལས་ཁུངས་ཀྱི་ངོས་ནས་སློབ་གྲྭ་ཁག་བརྩིས་བཞེས་རྒྱུའི་ལས་དོན་སྤེལ་བའི་བརྒྱུད་རིམ་ངོ་སྤྲོད་གནང་བ་དང་སྦྲགས། ད་ལྟའི་ཆར་ལས་དོན་མཇུག་སྒྲིལ་རྒྱུའི་མཚམས་ལ་སླེབས་ཡོད་པ་གསུངས་པ་དང་ཆབས་ཅིག་མ་འོངས་པའི་ལས་གཞི་ཁག་ཀྱང་གསལ་བཤད་གནང་ཡོད་པ་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་འདུག

shimla.JPG

སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་སྲིད་སྐྱོང་གི་ཐུགས་འགན་བཞེས་པ་ནས་བཟུང་། ཉེ་ཆར་རྒྱ་གར་ལ་དྭགས་ཕྱོགས་སུ་འཚམས་གཟིགས་གནང་བའི་རྗེས། ད་རེས་དབུས་བོད་སློབ་འཛིན་ཚོགས་ཀྱི་ཁྱབ་ཁོངས་སློབ་གྲྭ་ཁག་ཅིག་ལ་གཞུང་འབྲེལ་འཚམས་གཟིགས་གནང་བ་ནི། བོད་མི་འདུས་སྡོད་ས་གནས་སུ་གཞུང་འབྲེལ་ཕྱོགས་ཕེབས་ཐེངས་གཉིས་བ་དེ་ཡིན་པ་དང་། ད་ཐེངས་གཟིགས་སྐོར་དང་མཉམ་ཁུལ་དེའི་ཌོ་ལན་ཇི་བོན་གཞིས་སྨན་རིའི་གླིང་གི་གདན་སར་ཕེབས་ནས་སྨན་རིའི་ཁྲི་འཛིན་༣༤་པ་ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ་ཆེ་དང་མཇལ་ཕྱག་ཞུས་འདུག

239726165_2727537814210202_6871103836999082157_n.jpg

གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།