སྲིད་སྐྱོང་མཆོག་གིས་ལ་དྭགས་དབུས་གཞུང་མངའ་སྡེའི་སྤྱི་ཁྱབ་གཞོན་པ་མཆོག་དང་མཇལ་མོལ་གནང་འདུག

2024.07.16

དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ལ་དྭགས་ས་གནས་སུ་གཞུང་འབྲེལ་འཚམས་གཟིགས་གནང་བཞིན་པ་ལྟར། འཚམས་གཟིགས་ཉིན་མཐའ་མ་འདི་ཚེས་༡༦ཉིན་ལ་དྭགས་ས་གནས་ཀྱི་གཞུང་འབྲེལ་དཔོན་རིགས་ཆེ་ཁག་དང་མཇལ་ཕྲད་གནང་བའི་ནང་། ལ་དྭགས་དབུས་གཞུང་མངའ་སྡེའི་སྤྱི་ཁྱབ་གཞོན་པ་(Brigadier Dr BD Mishra)་ལགས་དང་། ལ་དྭགས་ཉེན་རྟོག་པའི་སྤྱི་ཁྱབ་འགན་འཛིན་གཞོན་པ་(Dr SD Singh Jamwal)ལགས་བཅས་དང་མཇལ་མོལ་གནང་ཡོད་པ་དང་། དེའི་ཐད་སྲིད་སྐྱོང་མཆོག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། ད་རེས་མཇལ་འཕྲད་ཡག་པོ་བྱུང་། ཁོང་ནི་ལ་དྭགས་ཁུལ་གྱི་འཛིན་སྐྱོང་གི་འགན་འཁུར་མཁན་ཆེ་ཤོས་དེ་ཡིན་དུས། ད་རེས་འདས་བའི་ཉིན་༨་རིང་ལ་དྭགས་ཡུལ་གྱི་ས་གནས་གང་སར་འཚམས་གཟིགས་བྱས་བའི་གནས་ཚུལ་དང་། མཐའ་མཚམས་གྲོང་སྡེ་དང་འབྲོག་སྡེ་ཁག་གི་གནས་སྟངས་དང་དགོས་འདུན་སོགས་སྙན་སེང་ཞུས་བ་ཡིན་ལ་ཁོང་གིས་དེའི་ཐད་དོ་སྣང་ཆེན་པོ་གནང་སོང་། ང་ཚོའི་ངོས་ནས་སྙན་སེང་ཞུས་བའི་གནད་དོན་ཁག་གལ་གནད་ཆེ་ཆུང་ལ་བལྟོས་ནས་གཟིགས་རྟོགས་གནང་དགོས་བའི་རེ་སྐུལ་ཞུས་ཡོད་པ་གསུངས་བྱུང་།

Sikyong penpa tsering ladakh ley (5).JPG
གཞན་ལ་དྭགས་ཉེན་རྟོག་པའི་སྤྱི་ཁྱབ་འགན་འཛིན་གཞོན་པ་(Dr SD Singh Jamwal)ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། ད་རེས་སྲིད་སྐྱོང་མཆོག་དང་ལྷན་མཇལ་མོལ་ཡག་པོ་བྱུང་། ང་ཚོས་གནད་དོན་འདྲ་མིན་ཐད་གོ་བསྡུར་བྱས་བ་ཡིན། དམིགས་བསལ་ལ་དྭགས་སོགས་མཐའ་མཚམས་ཀྱི་བདེ་འཇགས་གནས་སྟངས་སོགས་ཀྱི་སྐོར་གླེང་བ་ཡིན། ཁོང་གནད་དོན་འདྲ་མིན་ཐད་རྒྱུས་མངའ་ཆེན་པོ་འདུག གཞན་བོད་དོན་བདེན་མཐའ་སེལ་ཐབས་དང་། ལ་དྭགས་ཁུལ་གྱི་ཡུལ་མི་དང་བོད་མིའི་བར་གྱི་མཐུན་ལམ་ཡག་པོ་ཡོད་པ་སོགས་ཀྱི་ཐད་གོ་བསྡུར་གནང་ཡོད་པ་གསུངས་བྱུང་།

Sikyong penpa tsering ladakh ley (1).JPG
ཡང་སྲིད་སྐྱོང་མཆོག་གིས། ད་རེས་ལ་དྭགས་ཁུལ་དུ་འཚམས་གཟིགས་སྤྱི་ཡོངས་ནས་ཡག་པོ་བྱུང་སོང་། ཡིན་ན་ཡང་ལ་དྭགས་ས་གནས་སུ་གནས་མཁན་གྱི་བོད་མི་གཉིས་ཀྱིས་འཕགས་བོད་གཉིས་ཀྱི་ས་མཚམས་སུ་གསེར་གྱི་ནག་ཚོང་བརྒྱབ་རྗེས་འཛིན་བཟུང་བྱས་བའི་གནས་ཚུལ་ཐོན་པ་དེས་བོད་མི་སྤྱི་ཡོངས་ལ་མིང་ངན་ཆགས་པ་དང་ས་གནས་དཔོན་རིགས་དང་མཇལ་འཕྲད་སོགས་ཀྱི་སྐབས་ཞུ་མ་བདེ་བ་དང་སྟབས་མ་བདེ་བ་བྱུང་པས་མ་འོངས་དེའི་རིགས་ལ་གཟབ་ནན་བྱེད་དགོས་བ་གསུངས་བྱུང་།
ཡང་གསར་འགོད་པས་སྲིད་སྐྱོང་མཆོག་ལ་ཉེ་ལམ་རྒྱ་ནག་གཞུང་གིས་བོད་ནང་གི་གངས་ལྗོངས་ཤེས་རིག་ནོར་བུའི་གླིང་སྒོ་བརྒྱབ་བཅུག་པའི་སྐོར་ལ་བཀའ་འདྲི་ཞུས་སྐབས། སྲིད་སྐྱོང་མཆོག་གིས། གངས་ལྗོངས་ཤེས་རིག་ནོར་བུའི་གླིང་གིས་ད་ལྟའི་བར་དུ་བོད་ནང་དུ་ཤེས་ཡོན་སློབ་གསོའི་ཐད་ཕན་ཐོགས་རྒྱ་ཆེན་པོ་བྱུང་ཡོད། ཕན་ཐོགས་རྒྱ་ཆེན་པོ་ཡོང་བཞིན་པ་དེས་བོད་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་བྱེད་བཞིན་པ་རྒྱ་ནག་གཞུང་གིས་མཐོང་ཡོང་དུས། ད་ལྟའི་རྒྱ་ནག་གི་སྲིད་ཇུས་དེ་བོད་མི་རིགས་རྩ་མེད་གཏོང་ཐབས་བྱེད་བཞིན་པ་ཡིན་དུས་སྲིད་ཇུས་དེ་ལྟར་སྒོ་རྒྱག་བཅུག་པར་ངོས་འཛིན་བྱེད་བཞིན་པ་གསུངས་བ་དང་མཉམ་རྒྱ་ནག་གི་བྱ་སྤྱོད་དེར་སྐྱོན་བརྗོད་དང་གནས་སྟངས་དེར་བློ་ཕམ་ཆེན་པོ་བྱུང་བ་འགྲེལ་བརྗོད་གནང་བྱུང་།

Sikyong penpa tsering ladakh ley (2).JPG
གཞན་སྲིད་སྐྱོང་མཆོག་གིས་ཕྱི་ཚེས་༡༦་ཉིན་རྒྱབ་ལ་དྭགས་བསོད་ནམས་གླིང་བོད་མི་གཞིས་ཆགས་ཀྱི་མི་མང་ལ་བཀའ་སློབ་གནང་སྐབས། ད་ལྟ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཞབས་པུས་སྨན་བཅོས་དྲག་སྐྱེད་ཚད་མཐོ་པོ་འགྲོ་བཞིན་ཡོད་པ་སོགས་གསུངས་གནང་སོང་།
ཕྱི་ཚེས་༡༧ཉིན་སྲིད་སྐྱོང་མཆོག་ལ་དྭགས་ནས་ཕེབས་ཐོན་གནང་རྒྱུ་ཡིན་པ་དང་། སྲིད་སྐྱོང་མཆོག་གིས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་འཚམས་འདྲི་མཇལ་བཅར་ཞུ་རྒྱུ་དང་། མཛད་རིམ་གཞན་ཁག་ཅིག་གི་ཆེད་ཕྱི་ཟླ་༧པའི་ཚེས་༡༨ནས་ཟླ་༨ཚེས་༤བར་ཨ་མི་རི་ཀར་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་འདུག


གསར་འགོད་པ། འཕྲིན་ལས་ཆོས་སྒྲོན།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་མི་ནེ་སོ་ཊ་མངའ་སྡེའི་ནང་བོད་པའི་གྲོང་ཚོ་གསར་རྒྱག་གི་ལས་འཆར་དངོས་སུ་འགོ་བཙུགས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱལ་མཚན་ནོར་བུ་བོད་རང་སྐྱོང་ལྗོངས་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོར་བདམས་པ་དང་བོད་རྒྱུད་ནང་བསྟན་རྒྱ་སྒྱུར་མགྱོགས་མྱུར་དང་ཁ་བྲལ་ལ་ངོ་རྒོལ་དགོས་པ། དམར་ཤོག་དྲུང་ཆེ་ཝང་ཅུན་ཀྲེང་གིས་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎