སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་འཕྲོད་བཞེས་སྤྱིའི་ཆ་ནས་ཧ་ཅང་ཡག་པོ་ཡོད་པ་སྲིད་སྐྱོང་མཆོག་གིས་གསུངས་བྱུང་།

2024.06.14
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་འཕྲོད་བཞེས་སྤྱིའི་ཆ་ནས་ཧ་ཅང་ཡག་པོ་ཡོད་པ་སྲིད་སྐྱོང་མཆོག་གིས་གསུངས་བྱུང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བརྙན་འཇུག་ཁང་དུ། ༠༦།༡༤།༢༠༢༤
RFA

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་འཕྲོད་བཞེས་སྤྱིའི་ཆ་ནས་ཧ་ཅང་ཡག་པོ་ཡོད་པ་དང་རིང་མིན་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་དུ་ཞབས་པུས་གཡས་པ་བཤག་བཅོས་ཆེད་དུ་ཆིབས་བསྒྱུར་གནང་རྒྱུ་ཡིན་པ་སྲིད་སྐྱོང་མཆོག་གིས་གསུངས་བྱུང་།
སྤྱི་ལོ་༢༠༢༤ལོའི་ཟླ་༦ཚེས་༡༣ཉིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཨ་རིའི་རྒྱལ་ས་ནས་ཨ་རིའི་རྒྱལ་ཡོངས་མང་གཙོ་ཐེབས་རྩ་ཁང་གི་མང་གཙོའི་ཞབས་ཞུའི་གཟེངས་རྟགས་དངོས་སུ་བཞེས་ཡོད་པ་དང་། ཕྱི་ཚེས་༡༤ཉིན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་བོད་དོན་དང་འབྲེལ་བའི་གནད་དོན་འདྲ་མིན་ཐད་སྲིད་སྐྱོང་མཆོག་ལ་བཅར་འདྲི་ཞུས་སྐབས། སྲིད་སྐྱོང་མཆོག་གིས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་འཕྲོད་བཞེས་སྐོར་ཉིན་ཤས་གོང་བརྟན་བཞུགས་སྐབས་ཚང་མས་མཇལ་གསལ་ལྟར། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་འཕྲོད་བཞེས་སྤྱིའི་ཆ་ནས་ཧ་ཅང་ཡག་པོ་ཡོད་པ་དང་། ཞབས་པུས་ཀྱི་རྐྱེན་ཅུང་༧སྐུ་ངལ་འཕྲད་བཞིན་པ་ཚང་མས་མཁྱེན་གསལ་ལྟར། རིང་མིན་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་དུ་ཞབས་པུས་གཡས་པ་སྨན་བཅོས་ཆེད་དུ་ཆིབས་བསྒྱུར་གནང་རྒྱུ་ཡིན་པ་དང་། སྨན་པ་ཚོས་གསུངས་པ་ལྟར་ན། ཞབས་པུས་སྨན་བཅོས་རྗེས་གཟའ་འཁོར་ཁ་ཤས་ཀྱི་ནང་དྲག་སྐྱེད་ཡོང་གི་ཡོད་པ་དང་ཞབས་ཐང་དུ་ཕེབས་ཐུབ་པ་སོགས་ཀྱི་གནས་སྟངས་ཡོད་པ་དང་ང་ཚོས་དེ་བཞིན་རེ་བ་རྒྱག་བཞིན་པ་ཡིན་ཞེས་འགྲེལ་བརྗོད་གནང་བྱུང་།

གཞན་བཅར་འདྲིའི་སྐབས། རིང་མིན་སྤྱི་ཟླ་༦པའི་ཚེས་༡༨ཡས་མས་སུ། ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་(Michael McCaul)་ལགས་ཀྱིས་སྣེ་ཁྲིད་པའི་ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་ཆེད་དུ་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་བཞུགས་སྒར་རྡ་རམ་ས་ལར་ཕེབས་བཞིན་པ་དང་། སྐབས་དེར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུ་རྒྱུ་དང་བོད་མིའི་སྒྲིག་འཛུགས་དང་མཉམ་ལས་འབྲེལ་ལམ་བྱེད་ཕྱོགས་སོགས་ཀྱི་ཐད་གོ་བསྡུར་གནང་རྒྱུའི་མཛད་རིམ་ཡོད་པ་དང་། ཚོགས་ཆུང་དེའི་ཁྲོད་དུ་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ལྕམ་(Nancy Pelosi)སོགས་ཆབ་སྲིད་ཚོགས་པ་གཉིས་ཀའི་གྲོས་ཚོགས་འཐུས་མི་༧ ཡོད་པ་སོགས་སྲིད་སྐྱོང་མཆོག་གིས་གསུངས་བྱུང་།
འདས་བའི་ཉིན་ཤས་ཏེ། ཚེས་༡༡ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ནང་བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་འཆར་ཐོག་ཡང་བསྐྱར་བགྲོ་གླེང་བྱས་པའི་རྗེས་ཚད་མཐོའི་མང་མོས་ཀྱི་རྒྱབ་སྐྱོར་ཐོབ་ནས་གཏན་འབེབས་བྱུང་བ་དང་། ཚེས་༡༣ཉིན་ཨ་རིའི་རྒྱལ་ཡོངས་མང་གཙོ་ཐེབས་རྩ་ཁང་གི་༢༠༢༤་ལོའི་མང་གཙོའི་ཞབས་ཞུའི་གཟེངས་རྟགས་དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་དང་། མང་གཙོའི་གཟེངས་རྟགས་དེ་བཞིན་བོད་དོན་ལས་འགུལ་བསྟི་གནས་ཁང་བཅས་ལ་ཕུལ་བའི་གནས་ཚུལ་བྱུང་ཡོད་ལ། ཨ་རིས་གྲོས་ཚོགས་གོང་འོག་ནང་གཏན་འབེབས་བྱུང་བའི་བོད་དོན་ཁྲིམས་འཆར་དེར་རྒྱ་ནག་ཕྱོགས་ནས་སྐྱོན་བརྗོད་བྱས་པའི་ཐད་སྲིད་སྐྱོང་མཆོག་གིས། དེ་ནི་རྒྱ་ནག་གཞུང་གིས་ནམ་རྒྱུན་གྱི་རྣམ་འགྱུར་སྟོན་སྟངས་ཞིག་ལས་གསར་པ་གང་ཡང་མིན་པ་གསུངས་པ་དང་མཉམ་བོད་དང་རྒྱ་ནག་བར་གཞུང་འབྲེལ་མིན་པའི་ཐོག་ནས་འབྲེལ་ལམ་མུ་མཐུད་དུ་འགྲོ་བཞིན་ཡོད་པ་གསུང་བྱུང་།

IMG_0891.jpg
གཞན་ད་རེས་དམངས་གཙོའི་གཟེངས་རྟགས་ཐོབ་པའི་སྐོར་ལ་སྲིད་སྐྱོང་མཆོག་གིས། གཟེངས་རྟགས་འདིས་ང་ཚོ་མང་གཙོའི་ལམ་བུ་ཚད་ལྡན་ཞིག་ལ་འགྲོ་ཐུབ་པར་བོད་མི་རང་ཉིད་ལ་སྐུལ་འདེད་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་དོན་མཐོང་ཐུབ་པའི་ཕན་ཐོག ལྷག་པར་གཟེངས་རྟགས་འདིས་རྒྱ་ནག་གཞུང་ལ་བརྡ་ལན་ཤུགས་ཆེན་པོ་ཞིག་དང་བོད་ནང་གི་བོད་མི་རྣམས་ལ་སེམས་ཤུགས་སྤར་ཐུབ་པའི་ངོས་འཛིན་གནང་གི་འདུག

IMG_0841.jpg

དེ་བཞིན་ཡང་ཐེངས་འདིའི་གཟེངས་རྟགས་ཐོབ་མཁན་གྲས་སུ་བོད་དོན་ལས་འགུལ་བསྟི་གནས་ཁང་ཡོད་པར་བརྟེན་བསྟི་གནས་ཁང་དེའི་འགན་འཛིན་བཀྲས་མཐོང་ལྷ་སྒྲོན་ལགས་དང་། རྒྱལ་ལོ་ལགས་སོགས་ཀྱིས་བོད་ནང་གི་བོད་ཕྲུག་ས་ཡ་མང་པོ་རྒྱ་ནག་གཞུང་གིས་བཅའ་སྡོད་སློབ་གྲྭར་བཅུག་པའི་གནད་དོན་དེ་རྒྱལ་སྤྱིའི་སྤྱི་ཚོགས་སུ་ཐེར་འདོན་གནང་ཡོད་པ་སོགས་ཤེས་ཡོན་གྱི་ནུས་པར་བརྟེན་ནས་བོད་དོན་ཐད་ཕྱག་ལས་མང་པོ་གནང་ཡོད་པས་ད་རེས་ཁོང་རྣམས་ལ་གཟེངས་རྟགས་དེ་ཐོབ་པར་སྲིད་སྐྱོང་མཆོག་གིས་དགའ་བསུ་ཡོད་ཅེས་གསུངས་བྱུང་།
སྲིད་སྐྱོང་མཆོག་ཕྱི་ཟླ་༦པའི་ཚེས་༡༥་ཉིན་ཕྱིར་རྒྱ་གར་ཏུ་ཕེབས་ཐོན་གནང་གི་ཡོད་པ་རེད།།


གསར་འགོད་པ། བསོད་ནམས་ལྷ་མོ། ཀླུ་འབུམ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་བོད་དོན་ཁྲིམས་འཆར་ལ་སྲིད་འཛིན་གྱི་མཚན་རྟགས་ཞུ་ཆེད་སྲིད་འཛིན་ལས་ཁུངས་སུ་འགོད་འབུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་ཚ་མོ་ཉི་མ་ལྷ་མོ་ལགས་ཀྱིས་བརྩམས་པའི་བདེན་དོན་གླེང་བའི་གཏམ་ཟེར་བའི་དེབ་ཅིག་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་ལགས་ནས་དབུ་འབྱེད་གནང་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎