ཚོང་ཁང་དང་ཁྲོམ་རྭར་མེ་སྐྱོན་ཤོར་བ་སོགས་ཀྱི་དཀའ་ངལ་ཐད་ཚོང་པའི་ལྷན་ཚོགས་ཀྱི་ངོས་ནས་ཚོང་ལས་གཉེར་མཁན་རྣམས་ལ་ཉེན་སེལ་རོགས་སྐྱོར་གནང་ཐུབ་ན་ལེགས་ཞེས། སྲིད་སྐྱོང་མཆོག་གིས།
ཕྱི་ལོ་ ༢༠༢༤ ཟླ་ ༨ ཚེས་ ༨ ནས་ ༡༠ བཅས་ཉིན་གྲངས་གསུམ་གྱི་རིང་རྒྱ་གར་བྱང་ཕྱོགས་ཀྱི་པཎ་ཇབ་མངའ་སྡེའི་ལུའུ་དྷི་ཡ་ནའི་ནང་བཙན་བྱོལ་བོད་མིའི་ཚོང་པའི་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༦ དེ་འཚོག་བཞིན་ཡོད་པ་དང་། ཐེངས་འདིའི་ཚོགས་ཆེན་གྱི་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཆེད་ཕེབས་ཀྱིས། ཚོང་པ་རྣམས་ལ་ཚོང་དུས་སྐབས་ཁྲོམ་རྭ་སོགས་སུ་མེ་སྐྱོན་དང་དེ་བཞིན་དངོས་ཟོག་བོར་བརླག་ཏུ་ཕྱིན་པ་སོགས་ཀྱི་དཀའ་ངལ་མང་དག་ཅིག་བྱུང་གི་ཡོད་པས། དེ་དག་གི་དཀའ་ངལ་སེལ་ཐབས་སུ་ཚོང་པའི་ལྷན་ཚོགས་ངོས་ནས་ཚོང་ལས་གཉེར་མཁན་རྣམས་ཀྱི་ཆེད་དུ་ཉེན་སེལ་རོགས་སྐྱོར་ (Insurance) གནང་ཐུབ་ན་མ་འོངས་ཚོང་པ་རྣམས་ལ་ཕན་ཐོགས་ཆེན་པོ་དང་། ཚོང་པ་རྣམས་ནས་རྒྱ་གར་གཞུང་ལ་ཚོང་ཁྲལ་ GST ཕུལ་ཕྱོགས། དེ་བཞིན་ཚོང་པ་ཡོངས་ནས་ཚོང་པའི་ལྷན་ཚོགས་ལ་ནུས་པ་མཉམ་སྤུངས་བྱ་དགོས་སྐོར་གསུངས་ཡོད་པ་བཙན་བྱོལ་བོད་མིའི་ཚོང་པ་ཚོགས་པའི་ཚོགས་གཙོ་བསྟན་འཛིན་པ་སངས་ལགས་ཀྱིས་གསུངས་བྱུང་།
ཚོང་པ་ལྷན་ཚོགས་ཀྱི་ཚོགས་གཙོས་མུ་མཐུད། གཞན་ཡང་ཐེངས་འདིའི་ཚོང་པའི་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེང་ ༦ ཐོག (Indo Tibetan Hosiery Association) གྱི་ཚོགས་གཙོ་ན་ལྦིན་སུདྷ་ (Naveen Sood) དང་རྒྱ་གར་གྱི་ཚོང་པའི་ལྷན་ཚོགས་ (Lala Tibetan Hosiery Association) གྱི་ཚོགས་གཙོ་ཀེ་ཨེན་ཀ་པུར་ (K.N.Kapoor) རྣམ་གཉིས་ཀྱིས་གསུང་བཤད་སྐབས། བོད་མི་རྣམས་ཀྱི་གཤིས་ཀ་དྲང་པོ་ཡོད་ཀྱང་། འདས་པའི་ལོ་གཉིས་ནང་དངུལ་ཕར་སྤྲོད་ཚུར་ལེན་དང་དངོས་ཟོག་བརྗེ་ལེན་དང་འབྲེལ་བའི་དཀའ་ངལ་ཁག་ཅིག་ཕྲད་ཡོད་པའི་སྐོར་ལ་བཀའ་མོལ་གནང་ཡོད་པ་གསུངས་བྱུང་།
ཐེངས་འདིའི་བཙན་བྱོལ་བོད་མི་ཚོང་པ་ཚོགས་པའི་ཚོགས་ཆེན་ཐེངས་ ༦ པའི་ཐོག་སུད་ཚོང་གཉེར་མཁན་བོད་མི་གནས་སྡོད་བྱ་ཡུལ་ས་གནས་ཁག་ ༡༧༠ ནས་ཚོགས་མི་གྲངས་ ༢༠༨ ཀྱིས་མཉམ་ཞུགས་གནང་ཡོད་འདུག
གསར་འགོད་པ། བདེ་ཆེན་དབང་མོ།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་རྩོམ་སྒྲིག་པ། བཀྲིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།