སྲིད་སྐྱོང་མཆོག་ལ་འཚམས་འདྲི་དང་མུ་མཐུད་དུ་བོད་དོན་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་གནང་འདུག

2022.01.20
སྲིད་སྐྱོང་མཆོག་ལ་འཚམས་འདྲི་དང་མུ་མཐུད་དུ་བོད་དོན་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་གནང་འདུག ཨ་རིའི་བོད་དོན་ཆེད་ཀྱི་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་ལྕམ་ཨཛ་ར་ཛི་ཡ་(Uzra Zeya)་ལགས་སུ་བཅར་འདྲིའི་སྐབས། ༠༡།༡༣།༢༠༢༢
RFA

ཨ་རིའི་བོད་དོན་ཆེད་ཀྱི་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་ཀྱིས་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་སུ་འཚམས་འཕྲིན་བཏང་ནས་ཨ་རིའི་གཞུང་ཕྱོགས་ནས་མུ་མཐུད་དུ་མཉམ་ལས་དང་བོད་དོན་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་གནང་འདུག
ཉེ་ལམ་ཚེས་༦་ཉིན། ཨ་རིའི་བོད་དོན་ཆེད་ཀྱི་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་ལྕམ་ཨཛ་ར་ཛི་ཡ་(Uzra Zeya)་ལགས་ཀྱིས་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་སུ་འཚམས་འཕྲིན་བཏང་ནས་འཚམས་འདྲི་དང་འབྲེལ། ཨ་རིའི་གཞུང་ཕྱོགས་ནས་མུ་མཐུད་དུ་མཉམ་ལས་དང་བོད་དོན་རྒྱབ་སྐྱོར་གནང་རྒྱུ་ཡིན་པ་དང་། ཨ་རིའི་ངོས་ནས་ཁྱེད་ཀྱི་ཐུགས་འདོད་ལྟར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གམ་ཁོང་གི་སྐུ་ཚབ། ཡང་ན་བོད་མིའི་སྤྱི་ཚོགས་ཀྱི་དཔོན་རིགས་དང་ལྷན་དུ། སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པར་ཐད་ཀར་གྲོས་མོལ་བསྐྱར་གསོ་ཡོང་བར་མཐོང་འདོད་བྱེད་བཞིན་ཡོད་ལ། ཨ་མི་རི་ཀས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་མཚོན། བོད་ཀྱི་ཆོས་དང་རིག་གཞུང་ཁོར་ཡུག བོད་མིའི་ངོ་བོ་དང་བཅས་བར་སྲུང་སྐྱོབ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པ་དང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་རོགས་རམ་བྱེད་རྒྱུ་ཡིན་པ་འཁོད་ནས་གང་མགྱོགས་དངོས་སུ་མཇལ་འཕྲད་དང་མཉམ་ལས་ཡོང་བའི་རེ་བ་ཡོད་པ་བྲིས་འདུག

zeya.jpg
དེའི་སྔོན་སྲིད་སྐྱོང་མཆོག་གིས་ལྕམ་ཨཛ་ར་ཛི་ཡ་(Uzra Zeya)་ལགས་ཨ་རིའི་བོད་དོན་ཆེད་ཀྱི་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་དུ་བསྐོ་བཞག་བྱུང་མ་ཐག འཚམས་འཕྲིན་ཕུལ་ནས་རྟེན་འབྲེལ་ཞུས་བ་དང་། སྐུ་ཉིད་ཀྱིས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པའི་ཕྱག་ལས་གནང་བའི་རིང་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་བོད་རྒྱ་གྲོས་མོལ་བསྐྱར་གསོ་དོན་ཕན་ལྡན་པ་ཞིག་ཡོང་བའི་རེ་བ་ཡོད། སྐུ་ཉིད་སྒེར་གྱི་ངོས་ནས་མང་གཙོའི་ལས་འགུལ་བ་དང་། སྨྲ་བརྗོད་རང་དབང་ཞུ་གཏུག་པ་རྣམས་དང་ལྷན་ཕྱག་ལས་གནང་བའི་ཉམས་མྱོང་གཞིར་བཞག་ཐོག་འཛམ་གླིང་ནང་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་གོང་མཐོར་སྤེལ་བཞིན་ཡོད་པས་ཕྲན་རང་ཉིད་ཧ་ཅང་སེམས་འགུལ་ཐེབས་སོང་། གཞན་ད་དུང་ཨ་རིའི་གཞུང་གིས་བོད་མི་རྣམས་ལ་མཐུན་འགྱུར་རོགས་རམ་རྒྱ་ཆེ་གནང་དང་གནང་བཞིན་ཡོད་སྟབས། ཨ་རི་ནི་བོད་མི་རྣམས་ལ་ཧ་ཅང་བཀའ་དྲིན་ཆེན་པོ་ཡིན། ལྕམ་སྐུ་མཆོག་དང་གང་མགྱོགས་མཇལ་འཕྲད་ཞུས་ཏེ་དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཞག་ཐོག་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་ཕྱག་ལས་གནང་ཐུབ་པའི་རེ་ལྟོས་བྱེད་ཀྱི་ཡོད་པ་བྲིས་ཡོད་འདུག
ཨ་རིའི་བོད་དོན་ཆེད་ཀྱི་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་ལྕམ་ཨཛ་ར་ཛི་ཡ་(Uzra Zeya)་ལགས་ཀྱིས་བོད་དོན་འབྲེལ་མཐུད་པའི་ཐུགས་འགན་བཞེས་རྗེས། ཟླ་དང་པོའི་ཚེས་༣་ཉིན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་བཅར་འདྲིའི་སྐབས། ཁོང་གིས། ཨ་མི་རི་ཀའི་གཞུང་གི་ངོས་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གམ་ཁོང་གི་སྐུ་ཚབ་དང་ལྷན་དུ། སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པར་ཐད་ཀར་གྲོས་མོལ་ཞུ་དགོས་པའི་སྐུལ་མ་ཞུ་བཞིན་ཡོད་པ་གསུངས་པ་དང་། ཨ་རིའི་དམིགས་བསལ་བོད་དོན་འབྲེལ་མཐུད་སྐུ་ཚབ་ཀྱི་ངོས་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ཐད་ཀར་འབྲེལ་བ་ཞུ་འདོད་ཆེན་པོ་ཡོད་པ། ཁོང་མོ་ཨ་རིའི་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་དུ་བསྐོ་བཞག་བྱུང་མ་ཐག་པའི་གཟའ་འཁོར་དང་པོ་དེ་རང་ལ་དབུས་བོད་མིའི་སྒྲིག་འཛུགས་དང་ཐད་ཀར་འབྲེལ་བ་གནང་པ་དང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་བྱང་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་དང་མཇལ་འཕྲད་བྱུང་བ་སོགས་གསུངས་ཡོད་པ་རེད།

གསར་འགོད་པ། བོད་རྒྱལ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱལ་ཁབ་ཁག་བཅོ་བརྒྱད་ནང་བོད་དོན་དང་བླངས་ཞུ་གཏུག་པ་ ༥༢༡ དང་བླང་གི་ཐོག་ནས་འཛུལ་ཞུགས་གནང་ཡོད་སྐོར། ཕྱི་དྲིལ་བཀའ་བློན་ནས་གྲོས་ཚོགས་སུ་གསུངས་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དཔྱ་དངུལ་ཆག་ཡང་བཏང་བའི་ལོ་གཅིག་ནང་བོད་མི་དྲུག་སྟོང་ལྔ་བརྒྱ་ལྷག་གིས་དཔྱ་དངུལ་ལག་དེབ་གསར་བཟོ་དང་བསྐྱར་གསོ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎