རྒྱ་ནག་གཞུང་གིས་ཐེ་ཝན་གྱི་དཔོན་རིགས་བདུན་ལ་ཉེས་ཆད་འགེལ་རྒྱུ་ཡིན་པ་བསྒྲགས་འདུག

2022.08.16
Share on WhatsApp
Share on WhatsApp
རྒྱ་ནག་གཞུང་གིས་ཐེ་ཝན་གྱི་དཔོན་རིགས་བདུན་ལ་ཉེས་ཆད་འགེལ་རྒྱུ་ཡིན་པ་བསྒྲགས་འདུག རྒྱ་ནག་དང་ཐེ་ཝན་གྱི་རྒྱལ་དར།
སྒྲིག་བཟོ། /REUTERS

ཕྱི་ཟླ་༨ཚེས་༡༦རེས་གཟའ་མིག་དམར་ཉིན་རྒྱ་ནག་གཞུང་གིས་ཐེ་ཝན་གྱི་དཔོན་རིགས་དང་གྲོས་ཚོགས་འཐུས་མི་ཐེ་བའི་མི་སྣ་བདུན་གྱི་མིང་བཏོན་ནས། དེ་དག་ནི་ཐེ་ཝན་རང་བཙན་མཁྲེགས་འཛིན་པ་ཡིན་ཚུལ་སྐྱོན་བརྗོད་བྱས་ཤིང་། ཁོང་ཚོའི་ཐོག་ཉེས་ཆད་འགེལ་རྒྱུའི་གསལ་བསྒྲགས་བྱས་ཡོད་པ་དང་། འདི་ནི་ཉེ་ལམ་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ལྕམ་ནེན་སི་པེ་ལོ་སི་(Nancy Pelosi)་དབུས་པའི་ཆེས་མཐོའི་སྐུ་ཚབ་ཚོགས་པས་ཐེ་ཝན་དུ་འཚམས་གཟིགས་གནང་བའི་བདུན་ཕྲག་གཉིས་ཙམ་གྱི་རྗེས་སུ་བྱུང་བ་ཞིག་ཡིན་པ་རེད།
ཉེ་ལམ་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོས་སྣེ་ཁྲིད་གནང་པའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ཐེ་ཝན་དུ་འཚམས་གཟིགས་སུ་ཕེབས་པ་དང་། ད་རེས་སླར་ཡང་ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་ཐེ་ཝན་དུ་ཕེབས་མཁན་ཚང་མས་ཨ་རིའི་ངོས་ནས་ཐེ་ཝན་གྱི་མང་གཙོའི་ལམ་ལུགས་དང་རང་དབང་གྱི་གནས་བབས། ཚོང་ལས་དང་དཔལ་འབྱོར་གྱི་གནས་བབས་བཅས་ལ་རྒྱབ་སྐྱོར་ཆེན་པོ་ཡོད་པ་གསུངས་ཡོད་ཅིང་། རྒྱ་ནག་གཞུང་གིས་དེ་ནི་ཨ་རིས་ཐེ་ཝན་གྱི་རང་བཙན་རྩོད་ལེན་པ་ཚོར་བརྡ་ནོར་སྤྲད་པ་ཡིན་ཚུལ་བརྗོད་ཀྱི་ཡོད་པ་རེད།
རྒྱ་ནག་གི་ཐེ་ཝན་ལས་དོན་ལྷན་ཁང་གིས་ཉེས་ཆད་འགེལ་རྒྱུའི་མིང་ཐོའི་ནང་བཅུག་པའི་ཐེ་ཝན་གྱི་དཔོན་རིགས་དེ་དག་གི་ཁོངས་སུ། ཐེ་ཝན་གྱི་ཨ་རིའི་ནང་བཅའ་སྡོད་སྐུ་ཚབ་ཞོ་མེ་ཆིན་དང་། ཐེ་ཝན་གྲོས་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཚེ་ཆི་ཁྲང་དང་། དམངས་གཙོ་ཡར་རྒྱས་ཚོགས་པའི་དྲུང་ཡིག་ཆེན་མོ་གཞོན་པ་ལེན་ཧྥུ་ཧྥན་སོགས་ཡོད་པ་རེད། དེའི་སྔོན་ལ་རྒྱ་ནག་གིས་ཐེ་ཝན་གྱི་སྲིད་བློན་སུའུ་ཀྲིན་ཁྲང་དང་། གྲོས་ཚོགས་གཙོ་ཡུག་ཞི་ཁོན། ཕྱི་འབྲེལ་བློན་ཆེན་ཇོ་སེ་ཧྥུ་ཝུའུ་བཅས་ལ་བཀག་སྡོམ་བཀའ་རྒྱ་བཏང་སྟེ། མི་སྣ་དེ་དག་དང་དེ་དག་གི་ཉེ་འབྲེལ་ཚོ་རྒྱ་ནག་སྐམ་སར་འགྲུལ་སྐྱོད་དང་ཚོང་ལས་གཉེར་མི་ཆོག་པ་བརྗོད་འདུག
སྤྱིར་བཏང་ཐེ་ཝན་གྱི་དཔོན་རིགས་དེ་དག་གིས་རྒྱ་ནག་ནང་འགྲུལ་བཞུད་དང་ཚོང་ལས་སོགས་བྱེད་ཀྱི་མེད་པས། བཀག་སྡོམ་བཀག་རྒྱ་དེས་དོན་དངོས་ཐོག་ཤུགས་རྐྱེན་གང་ཡང་ཐེབས་ཀྱི་མེད་པ་གནད་དོན་དབྱེ་ཞིབ་པ་ཚོས་བརྗོད་བཞིན་འདུག གཞན་ཡང་དམངས་གཙོ་ཡར་རྒྱས་ཚོགས་པའི་དྲུང་ཡིག་ཆེན་མོ་གཞོན་པ་ལེན་ཧྥི་ཧྥན་ནས་རང་གི་ངོ་དེབ་སྟེང་། ངས་བསམ་ན་དུས་རབས་འདིར་དབང་ཆ་གཅིག་སྡུད་གཞུང་ཞིག་གིས་རང་དབང་ལྡན་པའི་འཛམ་གླིང་གི་གྲུབ་ཆའི་མི་སྣའི་ཐོག་བཀག་སྡོམ་གི་ཉེས་ཆད་བཀེལ་བ་དེ་ནི་ངས་རང་གི་གཟི་བརྗིད་ཅིག་ཏུ་བརྩིས་ཆོག་ཅེས་བཀོད་འདུག

གསར་འགོད་པ། ལྕགས་མོ་འཚོ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གིས་སྲིད་བྱུས་ལ་འགྱུར་བ་མ་བཏང་ན་ཞི་ཅིན་ཕིང་ལ་ལོ་རྒྱུས་ཀྱི་ནག་ཉེས་ཕོག་སྲིད། སྲིད་སྐྱོང་མཆོག་གིས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎