རྒྱ་ནག་གིས་ཐེ་ཝན་ཉེ་ཁུལ་དུ་དམག་སྦྱོང་བྱས་དོན་ཁ་བྲལ་བ་འགོག་ཐབས་ཆེད་ཡིན་ཚུལ་བརྗོད་འདུག
ཟླ་བ་འདིའི་ནང་རྒྱ་ནག་གིས་གནམ་དམག་གནམ་གྲུ་དང་། མི་མེད་འབར་རྫས་གཡུག་མཁན་གནམ་གྲུ། དེ་མིན་གནམ་གྲུ་གཞན་སོགས་ཐེ་ཝན་གྱི་ཉེ་འཁྲིས་སུ་བཀོལ་སྤྱོད་བྱེད་བཞིན་ཡོད་པ་དོ་སྣང་བྱུང་ཞེས་ཐེ་ཝན་གྱིས་བཤད་འདུག
དེ་བཞིན་རྒྱ་ནག་གིས་ཐེ་ཝན་མཚོ་གླིང་གི་ཉེ་འཁྲིས་སུ་དམག་སྦྱོང་སོགས་ཀྱི་ལས་འགུལ་སྤེལ་རྒྱུ་མང་དུ་བཏང་བ་དེས། ཕྱོགས་གཉིས་བར་གློ་བུར་ཐོལ་རྒྱག་གདོང་ཐུག་དང་འཁྲུག་འཛིང་ཡོང་བའི་ཉེན་ཁ་ཡོད་པ་ཐེ་ཝན་གྱི་བདེ་སྲུང་བློན་ཆེན་ལས་ཁང་གིས་རེས་གཟའ་སྤེན་པའི་ཉིན་གསུངས་ཡོད་པ་རེད།
ཚེས་༢༧ཉིན་པེ་ཅིང་དུ་རྒྱུན་ལྡན་གསར་འགོད་ལྷན་ཚོགས་སར་གསར་འགོད་པས། རྒྱ་ནག་གིས་ཐེ་ཝན་མཚོ་གླིང་གི་ཉེ་འཁྲིས་སུ་དམག་དོན་ལས་འགུལ་མང་དུ་གཏོང་བཞིན་པར་སོང་། དེའི་རྐྱེན་པས་ཕྱོགས་གཉིས་བར་གདོང་ཐུག་གི་ཉེན་ཁ་ཆེ་རུ་འགྲོ་བའི་བློ་འཚབ་སྐོར་བཅར་འདྲི་བྱས་པར། རྒྱ་ནག་གི་ཐེ་ཝན་ལས་དོན་ལས་ཁུངས་ཀྱི་མགྲིན་ཚབ་མ་(Zhu Fenglian)་ཟེར་བས། དེ་ནི་རྒྱ་ནག་མི་དམངས་བཅིངས་གྲོལ་དམག་མིས་དམག་སྦྱོང་བྱས་པ་ཡིན་པ་དང་། དེའི་དམིགས་ཡུལ་ནི་ཧ་ཅང་ཁེངས་དྲེགས་ཆེ་བའི་ཐེ་ཝན་རང་བཙན་འདོད་མཁན་དང་། ཁ་བྲལ་གྱི་ལས་འགུལ་སྤེལ་མཁན་རྣམས་འགོག་ཐབས་སུ་ཡིན་ལུགས་ལན་འདེབས་བྱས་འདུག་ལ། དེ་ནི་ཐེ་ཝན་གྱིས་ཉེ་བའི་བདུན་ཕྲག་ཁ་ཤས་ནང་ཐེ་ཝན་མཚོ་གླིང་གི་ཕྱོགས་སུ་དམག་སྦྱོང་བྱས་པ་སོགས་དམག་དོན་ལས་འགུལ་མང་པོ་སྤེལ་བའི་རྗེས་སུ་རྒྱ་ནག་གིས་དེ་ལྟར་བཤད་པ་ཞིག་ཡིན་འདུག
ཉེ་ཆར་ཐེ་ཝན་རྒྱལ་སྲུང་ལྷན་ཁང་གིས། རྒྱ་ནག་གིས་གཏོར་བརླག་རང་བཞིན་གྱི་དམག་དོན་བྱ་སྤྱོད་སྤེལ་མཚམས་འཇོག་དགོས་ཞེས་འབོད་སྐུལ་བྱས་ཡོད།
དམངས་གཙོའི་ལམ་ལུགས་ཐོག་འཛིན་སྐྱོང་བྱེད་བཞིན་པའི་ཐེ་ཝན་དེ་རྒྱ་ནག་གིས་རང་ཉིད་ཀྱི་མངའ་ཁོངས་སུ་ཡིན་ལུགས་བརྗོད་ནས་ཉེ་བའི་ལོ་ཤས་རིང་ཐེ་ཝན་གྱི་མཐའ་འཁོར་དུ་དམག་དོན་སྦྱོང་བརྡར་བྱས་ཏེ་ཐེ་ཝན་ལ་འཇིགས་སྣང་སྐུལ་བཞིན་ཡོད་པ་རེད།
གསར་འགོད་པ། ཚེ་དབང་དངོས་གྲུབ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།