༧གོང་ས་མཆོག་གིས་ཐེ་ཝན་ལ་ས་ཡོམ་གྱི་གནོད་འཚེ་ཐེབས་པར་ཐུགས་གསོ་མཛད་འདུག
འདི་ཚེས་༣ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཐེ་ཝན་གྱི་ཤར་ཕྱོགས་མཚོ་འགྲམ་དུ་ས་ཡོམ་འགུལ་ཚད་ཤུགས་ཆེན་བྱུང་ནས་མིའི་ཚེ་སྲོག་ཤོར་བ་དང་། རྒྱུ་ནོར་དང་རྨང་གཞིའི་འཛུགས་སྐྲུན་ལ་གཏོར་སྐྱོན་ཚབས་ཆེན་བྱུང་བར་ཐུགས་ཕམ་བྱུང་བའི་གསུང་འཕྲིན་ཞིག་ཐེ་ཝན་སྲིད་འཛིན་ལྕམ་(Tsai Ing-wen)་ལགས་ཀྱི་མཚན་ཐོག་བསྩལ་གནང་མཛད་འདུག
གསུང་འཕྲིན་ནང་། རང་བྱུང་གི་གོད་ཆག་གི་རྐྱེན་པས་མིའི་ཚེ་སྲོག་ཤོར་བ་དང་རྨས་སྐྱོན་ཕོག་པའི་མི་མང་པོའི་ཆེད་དུ་སྨོན་ལམ་འདེབས་ཀྱི་ཡོད། ངོས་ཀྱིས་སྲིད་འཛིན་མཆོག་དང་ཆག་སྒོ་ཁྲོད་ཀྱི་གནོད་ཐེབས་མི་མང་དང་ཁོང་ཚོའི་ནང་མི་ཚོར་ཐུགས་གསོ་ཞུ། ཁྱེད་ཀྱི་གཞུང་དང་འབྲེལ་ཡོད་ལས་ཁུངས་ཀྱིས་རྨས་སྐྱོན་ཕོག་པ་རྣམས་ཉེན་ཁ་ལས་སྐྱོབ་པ་དང་རོགས་སྐྱོར་དགོས་ངེས་ཅན་ཚོར་སྐབས་འཕྲལ་རོགས་སྐྱོར་གནང་བཞིན་པར་བསྔགས་བརྗོད་ཞུ་བཞིན་ཡོད་པ་འཁོད་འདུག
ཐེ་ཝན་གཞུང་འབྲེལ་གྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། འདི་ཚེས་༣ཉིན་གྱི་ཞོགས་པ་ཆུ་ཚོད་༨པ་མ་ཟིན་ཙམ་ལ་ཐེ་ཝན་ནང་འགུལ་ཚད་རིམ་པ་བདུན་ཚེགས་བཞི་ཡིན་པའི་ས་ཡོམ་བརྒྱབ་ནས་འདི་ཚེས་༣ཉིན་གྱི་ཕྱི་དྲོ་བར་ཉུང་མཐར་མི་དགུ་ཡི་ཚེ་སྲོག་ཤོར་ཡོད་པ་དང་། ཁང་པ་མང་པོ་རྡིབ་སྐྱོན་བྱུང་བའི་ཁྲོད་མི་གྲངས་༩༠༠ལྷག་ལ་རྨས་སྐྱོན་ཕོག་ཡོད་པ་བསྒྲགས་འདུག་ལ། ཨ་རིའི་ས་གཤིས་བརྟག་དཔྱད་ཁང་གིས་ཀྱང་ད་རེས་ཀྱི་ས་ཡོམ་དེ་ནི་འགུལ་ཚད་རིམ་པ་བདུན་ཚེགས་བཞི་ཡིན་པ་བསྒྲགས་འདུག་ལ། ཐེ་ཝན་གྱི་ས་ཡོམ་གནོད་ཐེབས་ས་ཁུལ་དུ་མྱུར་སྐྱོབ་ལས་དོན་སོགས་མུ་མཐུད་དུ་སྤེལ་བཞིན་པ་ལྟར་མི་གྲངས་ཤི་རྨས་དང་ཁང་པ་གཏོར་སྐྱོན་སོགས་ཀྱི་གྲངས་འབོར་འཕར་སྲིད་པ་རེད།
གསར་འགོད་པ། མཁའ་འགྲོ་གཡང་འཛོམས།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།