རྒྱ་ནག་གི་མ་རུང་བའི་བྱ་སྤྱོད་དང་འཇིགས་སྐུལ་ལ་ཐེ་ཝན་གྱིས་དོ་སྣང་བྱེད་ཀྱི་མིན་ཟེར།


2020-10-20
Share
ཧྥུ་ཇེ་(Fiji)ཡུལ་གྲུའི་ནང་ཐེ་ཝན་གྱི་རྒྱལ་སྟོན་དུས་ཆེན་སྲུང་བརྩི་སྐབས། ༡༠།༡༠།༢༠༢༠ ཧྥུ་ཇེ་(Fiji)ཡུལ་གྲུའི་ནང་ཐེ་ཝན་གྱི་རྒྱལ་སྟོན་དུས་ཆེན་སྲུང་བརྩི་སྐབས། ༡༠།༡༠།༢༠༢༠
རླུང་འཕྲིན་ཉན་མཁན་གྱི་མཐུན་འགྱུར་པར་རིས།

ཐེ་ཝན་གྱིས་རྒྱ་ནག་གི་མ་རུང་བའི་བྱ་སྤྱོད་དང་འཇིགས་སྐུལ་ལ་འཛེམ་ཟོན་མེད་པར་མ་འོངས་མུ་མཐུད་དུ་འཛམ་གླིང་གང་སར་ཐེ་ཝན་གྱི་རྒྱལ་སྟོན་དུས་ཆེན་སྲུང་བརྩི་བྱེད་རྒྱུ་ཡིན་པ་གསུང་འདུག
ཧྥུ་ཇེ་(Fiji)ཡུལ་གྲུའི་ནང་ཚུགས་པའི་ཐེ་ཝན་གྱི་རྒྱལ་སྟོན་དུས་ཆེན་ལ་རྒྱ་ནག་གཞུང་གིས་ཉེན་ཁ་བཟོ་ཐབས་བྱས་བའི་རྗེས། ཐེ་ཝན་གཞུང་གིས་རྒྱ་ནག་གི་མ་རུང་བའི་བྱ་སྤྱོད་དང་འཇིགས་སྐུལ་ལ་འཛེམ་ཟོན་མེད་པར་མ་འོངས་འཛམ་གླིང་གང་སར་ཐེ་ཝན་གྱི་རྒྱལ་སྟོན་དུས་ཆེན་མུ་མཐུད་ནས་སྲུང་བརྩི་བྱེད་རྒྱུ་ཡིན་པ་གསུང་འདུག
དེ་ཡང་འདི་ཚེས་༢༠རེས་གཟའ་མིག་དམར་ཉིན་ཐེ་ཝན་ཕྱོགས་ནས་གསུངས་ན། ཧྥུ་ཇེ་(Fiji) ནང་ཚོགས་པའི་ཐེ་ཝན་གྱི་རྒྱལ་བཙུགས་དུས་ཆེན་རྒྱལ་སྟོན་སྲུང་བརྩི་ཞུ་བའི་མཛད་སྒོའི་ཐོག རྒྱ་ནག་གི་ཕྱི་འབྲེལ་མི་སྣས་མགྲོན་ཁང་ནང་མཛད་སྒོའི་ཐོག་མི་སུ་སླེབས་ཡོད་མེད་འདྲ་པར་རྒྱག་རྩིས་བྱས་པ་དེ་རིམ་པས་འཁྲུག་རྩོད་དུ་གྱུར་ནས། ཕྱོགས་གཉིས་པོའི་མི་སྣར་རྨས་སྐྱོན་ཕོག་པའི་གནས་ཚུལ་བྱུང་ཡོད་པའི་རྗེས། རྒྱ་ནག་གཞུང་གིས། ཐེ་ཝན་གྱི་ཕྱི་འབྲེལ་མི་སྣས་མི་དམངས་ཕན་ཚུན་འཁྲུག་རྩོད་བྱུང་སྟེ་སྨན་ཁང་དུ་བསྐྱལ་དགོས་པའི་རྐྱེན་རྩ་བཟོས་པ་རེད་ཟེར་བ་སོགས་ཀྱི་ངན་ཁག་དཀྲིས་བ་དང་། རྒྱ་ནག་གི་ཕྱོགས་ནས་ཐེ་ཝན་ཐོག་རྙོག་དྲ་དང་སྐྱོན་འཛུགས་དྲག་པོ་བྱེད་བཞིན་ཡོད་པ་རེད། ད་དུང་རྒྱ་ནག་གི་ཕྱོགས་ནས་ཐེ་ཝན་ནི་དམངས་གཙོའི་ལམ་ལུགས་ཀྱི་ཐོག་ནས་སྲིད་དབང་གཉེར་བཞིན་ཡོད་ཀྱང་རྒྱལ་ཁབ་དང་རྒྱལ་ཁབ་ཀྱི་ངོ་བོའི་ཐོག་ནས་ཕྱི་འབྲེལ་གྱི་འབྲེལ་བ་འཛུགས་ཆོག་པའི་ཐོབ་ཐང་མེད་པ་དང་། ཐེ་ཝན་ནི་རྒྱ་ནག་གི་ཆ་ཤས་ཡིན་པ་སོགས་བརྗོད་བཞིན་པ་རེད།

ཞི་བདེ་རྒྱ་མཚོའི་རྒྱལ་ཁབ་དེ་དག་ནི་རྒྱ་ནག་དང་ཐེ་ཝན་ཕན་ཚུན་དབར་ལ་ཕྱི་འབྲེལ་སུ་ཐོབ་ཀྱི་འགྲན་རྩོད་བྱེད་ཡུལ་གྱི་འགག་རྩ་ཞིག་ཡིན་པ་དང་། ཐེ་ཝན་ལ་ཞི་བདེ་རྒྱ་མཚོའི་ཡུལ་གྲུ་བཞི་དང་ཕྱི་འབྲེལ་འབྲེལ་བ་ཡོད་ཀྱང་(Fiji)དང་མེད་པ་རེད།
ཐེ་ཝན་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་(Joanne Ou)ཞུ་བས། རྒྱལ་ས་(Taipei)ནས་གཏམ་བཤད་གནང་སྐབས། ཐེ་ཝན་ནི་ཞི་བདེར་དགའ་བའི་རྒྱལ་ཁབ་ཞིག་ཡིན་པར་བརྟེན་ནས། ཕྱི་ཟླ་བཅུ་པའི་ཚེས་༡༠་ཐེ་ཝན་རྒྱལ་བཙུགས་དུས་ཆེན་ཉིན་འཛམ་གླིང་ཁྱོན་ཡོངས་སུ་ལས་ཁུངས་༡༠༨ཀྱིས་རྣམ་པ་འདྲ་མིན་ཐོག་དུས་ཆེན་སྲུང་བརྩི་ཞུས་པ་དང་། དུས་ཆེན་ཐོག་མི་དམངས་གདན་ཞུ་བྱས་ཡོད་པ་རེད། ཐེ་ཝན་གྱི་རྒྱལ་བཙུགས་དུས་ཆེན་གྱི་སྣེ་ལེན་མཛད་སྒོ་ཚོགས་པའི་ཐོག་ནས་མུ་མཐུད་སྲུང་བརྩི་ཞུ་རྒྱུ་ཡིན། རྒྱ་ནག་གི་ཕྱོགས་ནས་དེ་ལ་ཉེན་ཁ་གང་ཡང་བཙུགས་ཐུབ་ཀྱི་མ་རེད་ཅེས་དང་། རྒྱ་ནག་གཞུང་གིས་ད་རེས་ཀྱི་གནས་ཚུལ་ལྟ་བུ་གནས་ཚུལ་རྫུན་གཏམ་མང་པོ་ཁྱབ་སྤེལ་བྱས་ནའང་ཐེ་ཝན་ཕྱོགས་ནས་དེར་འཛེམ་ཟོན་དང་དོ་སྣང་བྱ་རྒྱུ་མིན་ལ་འཛམ་གླིང་གང་སར་ཐེ་ཝན་གྱི་རྒྱལ་སྟོན་དུས་ཆེན་མུ་མཐུད་ནས་སྲུང་བརྩི་བྱེད་རྒྱུ་ཡིན་པ་ཐེ་ཝན་གྱི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་གསུང་འདུག།
འོན་ཀྱང་(Fiji)ཕྱི་སྲིད་ལྷན་ཁང་གིས་དོན་རྐྱེན་དེའི་ཐད། ད་ལྟའི་ཆར་གནས་ཚུལ་གང་ཡང་གསལ་བཤད་གནང་མེད་ཀྱང་། ཐེ་ཝན་གྱི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས། (Fiji)གཞུང་གིས་གནད་དོན་དེ་འགྲིག་འཇག་གནང་ཐབས་ཀྱི་འབད་བརྩོན་གནང་གི་ཡོད་པའི་སྐོར་གསུངས་ཡོད་ལུགས་རོའུ་ཀྲར་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་འདུག

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎