ཆེ་དགྲ་ལྷའི་གོ་གནས་སྤར་ཡང་ཐག་གཅོད་ཀྱི་དབང་ཆ་གང་ཡང་མེད་པ་ཉམས་ཞིབ་པས་གསུངས་བྱུང་།

2021-10-06
Share
ཆེ་དགྲ་ལྷའི་གོ་གནས་སྤར་ཡང་ཐག་གཅོད་ཀྱི་དབང་ཆ་གང་ཡང་མེད་པ་ཉམས་ཞིབ་པས་གསུངས་བྱུང་། ཆེ་དགྲ་ལྷ།
Chinese State Media

རྒྱ་ནག་གཞུང་གིས་ཆེ་དགྲ་ལྷ་རྒྱ་ནག་རྒྱལ་ཡོངས་མི་མང་འཐུས་མི་ཚོགས་ཆེན་གྱི་འགོ་ཁྲིད་ཁོངས་སུ་བསྐོ་གཞག་བྱ་འཆར་ཡོད་ཀྱང་སྲིད་ཇུས་གཏན་འབེབས་དང་ཐག་གཅོད་ཀྱི་དབང་ཆ་སྤྲོད་མི་སྲིད་པ་ཉམས་ཞིབ་པས་གསུངས་བྱུང་།
ལྷོ་རྒྱ་ནག་གི་སྔ་དྲོའི་གསར་འགྱུར་(South china morning Post )་ནང་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གི་དམར་ཤོག་ཚོགས་པའི་འཆར་འགོད་ལྟར། རྒྱ་ནག་གཞུང་གི་དཔོན་རིགས་རྒན་གྲས་ཁག་ཅིག་གི་ལས་གནས་འཕོ་འགྱུར་བཏང་བའི་ཁྲོད་བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་འགོ་ཁྲིད་ཆེ་དགྲ་ལྷ་རྒྱ་ནག་རྒྱལ་ཡོངས་མི་མང་འཐུས་མི་ཚོགས་ཆེན་གྱི་འགོ་ཁྲིད་ཁོངས་སུ་བསྐོ་གཞག་བྱ་འཆར་ཡོད་པ་ལྟར། ཁོང་ལྷ་ས་ནས་པེ་ཅིང་དུ་ཐོན་ཟིན་པ་དང་། ཆེ་དགྲ་ལྷའི་གོ་གནས་བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་འགོ་ཁྲིད་ལ་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་གཞོན་པ་བྱས་མྱོང་བའི་(Yan Jinhai)་ཟེར་བ་བསྐོ་གཞག་བྱེད་ཀྱི་ཡོད་འདུག
དེའི་ཐད་རྒྱ་ནག་གི་ཆབ་སྲིད་ཉམས་ཞིབ་པ་ཀུན་དགའ་བཀྲ་ཤིས་ལགས་ཀྱིས། གནས་ཚུལ་དེ་རྒྱ་ནག་གཞུང་འབྲེལ་གྱིས་ཁྱབ་བསྒྲགས་བྱས་བ་མཐོང་མེད་དུས་ཏག་ཏག་བཤད་དཀའ་ཡང། འདས་བའི་གནས་སྟངས་ལ་བལྟས་བ་ཡིན་ན། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་འགོ་གཙོ་དེ་མང་ཆེ་བ་བོད་རིགས་ཞིག་བསྐོ་བཞག་བྱེད་ཀྱི་འདུག དེ་བས་ངའི་ལྟ་ཚུལ་བྱས་ན བོད་རིགས་ལས་བྱེད་འགོ་ཁྲིད་དེ་གོ་གནས་སྤར་བར་མིང་ཆེན་པོ་ཞིག་སྤྲད་པ་ལས་དོན་དམ་གྱི་སྲིད་ཇུས་གཏན་འབེབས་དང་ཐག་གཅོད་ཀྱི་དབང་ཆ་གང་ཡང་མེད་པ་གསལ་བོ་རེད་ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བྱུང་།
རྒྱ་ནག་གཞུང་གི་དམར་ཤོག་ཚོགས་པའི་འགོ་ཁྲིད་རྣམས་ལོ་ལྔ་རེའི་ཐོག་བརྗེ་སྤོར་བྱེད་ཀྱི་ཡོད་པ་དེ་ཚོ་འདི་ལོའི་དཔྱིད་དུས་ཀྱི་དམར་ཤོག་ཚོགས་པའི་ཚོགས་ཆེན་སར་ཐག་གཅོད་བྱེད་ཀྱི་ཡོད་པ་དང་། དེ་བཞིན་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་རྒྱ་ནག་རྒྱལ་ཡོངས་དམར་ཤོག་ཚོགས་པའི་སྤྱི་ཁྱབ་འགོ་གཙོ་དང་རྒྱལ་ཁབ་ཀྱི་གཙོ་འཛིན་གྱི་གོ་གནས་ལོ་ལྔ་པ་ཐེངས་གསུམ་པ་དེ་འགོ་ཚུགས་བྱ་རྒྱུའི་འཆར་གཞི་ཡོད་པ་གནས་ཚུལ་སྤེལ་འདུག
གནས་ཚུལ་ལྟར་ན། ལོ་ན་༦༣་ལ་སོན་པའི་ཆེ་དགྲ་ལྷ་ནི་བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་འགོ་ཁྲིད་ཀྱིལས་གནས་དེ་སྤྱི་ལོ་༢༠༡༧་ནས་བཟུང་ཡོད་པ་དང་། ཁོང་གི་ཚབ་ལ་བསྐོ་བཞག་བྱེད་འཆར་ཡོད་པ་ལོ་གྲངས་༥༩་སོན་པའི་(Yan Jinhai)་ནི་མཚོ་སྔོན་ཕྱོགས་ནས་ཡིན་པ་དང་།
གཞན་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་ཝུའུ་དབྱིང་ཅེས་སྤྱི་ཟླ་༡༡་པའི་ནང་རྒན་ཡོལ་གྱི་ལོར་སླེབས་ཀྱི་ཡོད་པས་ཁོང་གི་ཚབ་ཏུ་ད་ལྟ་ཐག་གཅོད་བྱས་པའི་གནས་ཚུལ་གོ་རྒྱུ་མེད་པ་རེད།

གསར་འགོད་པ། ཕྲ་རིང་བསྟན་ནོར།
རྩོམ་སྒྲིག་པ། འབེན་པ་སྟོབས་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།