ཆབ་སྲིད་བཙོན་པ་ཐབས་མཁས་རྒྱ་མཚོ་ལགས་བཙོན་གྲོལ་བྱུང་འདུག

2021-09-27
Share
ཆབ་སྲིད་བཙོན་པ་ཐབས་མཁས་རྒྱ་མཚོ་ལགས་བཙོན་གྲོལ་བྱུང་འདུག ཐབས་མཁས་རྒྱ་མཚོ་ལགས་བཙོན་འཇུག་མ་བྱས་གོང་གི་པར།
བོད་འབྱོར།/RFA

ཕྱི་ལོ་༢༠༠༨་ལོར་རྒྱ་ནག་གཞུང་གིས་མདོ་ལྷོའམ་ཀན་ལྷོ་བསང་ཆུ་བླ་བྲང་ཕྱོགས་ཀྱི་བོད་མིའི་ས་བྱི་ཞི་རྒོལ་དང་འབྲེལ་ནས། འཛིན་བཟུང་བཙོན་འཇུག་བྱས་པའི་དགེ་འདུན་པ་ཐབས་མཁས་རྒྱ་མཚོ་ལགས། འདི་ལོའི་ཕྱི་ཟླ་༩་ཟླ་དཀྱིལ་ཙམ་ནང་བཙོན་འཇུག་དུས་ཡུན་ལོ་གཉིས་མ་ཚང་གོང་ནས་ཀློད་གྲོལ་བཏང་ཡོད་པ་དང་། ད་ལྟའི་ཆར་ཁོང་བཙོན་གྲོལ་བཏང་ཡོད་པའི་གནས་ཚུལ་ཙམ་ལས་ཁོང་གི་ད་ལྟའི་འཕྲོད་བསྟེན་གྱི་གནས་བབ་དང་། གློ་བུར་དུ་བཙོན་གྲོལ་བཏང་དགོས་པའི་རྒྱུ་རྐྱེན་ག་རེ་ཡིན་པ་སོགས་གསལ་ཁ་གང་ཡང་མེད་པ་མ་ཟད། དམ་དྲག་གི་རྐྱེན་གྱིས་ཁོང་གི་སྐོར་ལ་སྐད་ཆ་འདྲི་རྒྱུར་དཀའ་ལས་ཁག་པོ་ཆགས་ཡོད་པ། བོད་ཕྱི་ནང་གཉིས་སུ་ཡོད་པའི་འབྲེལ་ཡོད་བོད་མི་ཁག་ཅིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
གནས་ཚུལ་ཡོང་ཁུངས་ཀྱིས་ཁོང་ཚོས་གསུངས་ན། ཐབས་མཁས་རྒྱ་མཚོ་ལགས་བཙོན་གྲོལ་བྱུང་བ་དངོས་བདེན་ཡིན་ན་ཡང་། དེ་སྔ་ཁོང་བཙོན་ཁང་དུ་ཡུན་རིང་ངལ་རྩོལ་ལ་བཀོལ་ཡོད་པ་སྟབས། མིག་གཉིས་དང་གཟུགས་གཞི་ནད་གཅོང་དུ་གྱུར་ཡོད་པ་དང་། ད་ལྟ་ཁོང་གློ་བུར་དུ་བཙོན་གྲོལ་བཏང་བ་དེ་ཅི་ཡིན་དོགས་གཞི་བྱ་དགོས་པའི་གནས་སུ་ཡོད་སྐོར་དང་། ཡང་འབྲེལ་ཡོད་གཞན་ཞིག་གིས་ཁོང་ད་ལྟའི་ཆར་རང་ཁྱིམ་དུ་འབྱོར་ཡོད་པའི་གནས་ཚུལ་འདུག་ལ། ཁོང་ནི་ནམ་རྒྱུན་མི་རིགས་ཀྱི་ཆེད་དུ་བློས་གཏོང་ཐུབ་མཁན་ཞིག་དང་དཔའ་བློ་ཁོག་ཅན་ཞིག་ཡིན་སྟབས། བཙོན་ཁང་དུ་ཉེན་རྟོག་པར་ངོ་རྒོལ་བྱས་པས་ཡུན་རིང་གཅར་རྡུང་དང་མནར་གཅོད་མྱངས་དགོས་བྱུང་ཡོད་ན་ཡང་། ད་ལྟའི་ཆར་གཟུགས་གཞིའི་བདེ་ཐང་ཐད་བློ་ཚབས་རང་བཞིན་ཞིག་ཆགས་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་།
དགེ་འདུན་པ་ཐབས་མཁས་རྒྱ་མཚོ་ལགས། ཕྱི་ལོ་༢༠༠༨་ལོའི་བླ་བྲང་ཕྱོགས་ཀྱི་མི་མང་གི་ཞི་རྒོལ་གྱི་སྣེ་ཁྲིད་པ་ཡིན་པའི་ཉེས་འཛུགས་འོག ལོ་དེའི་ནང་བླ་བྲང་དགོན་དུས་འཁོར་གྲྭ་ཚང་གི་རང་ཤག་ནས་འཛིན་བཟུང་བཙན་ཁྲིད་བྱས་རྗེས། ལོ་གཅིག་ཙམ་རིང་གནས་ཚུལ་ཅི་ཡང་ཤེས་རྟོགས་མ་ཐུབ་པར་ལྷག་ཡོད་པ་དང་། ཕྱི་ལོ་༢༠༠༩་ཟླ་༥་ཚེས་༢༡་ཉིན་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས། ཁ་བྲལ་ཞི་རྒོལ་སྣེ་ཁྲིད་པ་དང་། ༢༠༠༥་ལོ་ནས་བཟུང་ཕྱི་ཕྱོགས་སུ་ཡོད་པའི་བོད་རང་བཙན་གྱི་ཚོགས་པ་ཁག་ལ་འབྲེལ་བ་བྱས་སྐོར་བརྗོད་ནས། དུས་ཡུན་ལོ་༡༥་ཡི་བཙོན་འཇུག་ཁྲིམས་ཐག་བཅད་པ་དང་ལོ་༥་ཡི་ཆབ་སྲིད་ཀྱི་ཁེ་དབང་འཕྲོག་ཡོད་པ་རེད། ཕྱིས་སུ་རྒྱ་ནག་གཞུང་གིས་ཁོང་དང་ཁོང་གི་བཙོན་རོགས་དགེ་འདུན་པ་སྐལ་བཟང་རྒྱ་མཚོ་གཉིས་གསང་སྟབས་ཀྱིས་ཀན་སུའུ་ཞིང་ཆེན་པེ་ཡེན་(白银)་བཙོན་ཁང་དུ་ཁྲིད་དེ། ཡུན་རིང་ངལ་རྩོལ་བསྒྱུར་བཀོད་ལ་བཀོལ་རྐྱེན། ནད་མནར་གྱིས་ཕྱི་ལོ་༢༠༡༨་ལོར་ཁོང་ཀན་སུའུ་ཞིང་ཆེན་ཁོངས་ཀྱི་ཏེན་ཞིའི་བཙོན་ཁང་གི་སྨན་ཁང་དུ་ཡུན་རིང་སྡོད་དགོས་བྱུང་ཡོད་འདུག
ཐབས་མཁས་རྒྱ་མཚོ་ལགས་ནི་བསང་ཆུ་རྫོང་བསང་ཁོག་ནས་ཡིན་པ་དང་། ད་ལོ་དགུང་ལོ་༤༦་ཡིན་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།