༄༅༎སྤྱི་ལོ་༢༠༡༠སྤྱི་ཟླ་༨་ཚེས་༡༧་ཉིན་སྤྱི་ནོར་༧གོང་ས་༧་སྐྱབས་མགོན་ཆེན་པོ་མཆོག་ཧེ་མར་ཅལ་མངའ་སྡེའི་ཁུལ་གྱི་ས་གནས་ཇི་སི་པ་དང་མ་ན་ལིར་མཛད་འཕྲིན་ཁག་སྐྱོང་བཞིན་པའི་ཐོག་ ཐོག་མར་ཀུ་ལུའི་ཁུལ་དུ་རྟེན་གཞི་བྱེད་པའི་དགས་པོ་བཤད་སྒྲུབ་གླིང་དགོན་པར་ཆིབས་བསྒྱུར་བཀྲིན་བསྐྱང་སྐབས་དེ་གར་དྭགས་པོ་བཤད་སྒྲུབ་གླིང་དགོན་པའི་དབུ་བླ་བློ་བཟང་འཇམ་དཔལ་བྱམས་པ་རྒྱ་མཚོ་རིན་པོ་ཆེ་མཆོག་དང་མཆོག་གྲྭ་འདུས་མང་ཚོས་༧གོང་ས་མཆོག་ལ་ཕེབས་བསུས་གནང་བ་དང། དེ་རྗེས་༧གོང་ས་མཆོག་དགོན་པའི་བཞུགས་ཁྲི་རིན་པོ་ཆེར་ཞབས་སོར་འཁོད་བསྟུན་༧གོང་ས་མཆོག་གི་སྐུ་མདུན་དུ། དགེ་འདུན་རྣམས་ཀྱིས་རིགས་ལམ་རྩོད་སྒྲུབ་ཀྱི་ཐོག་ནས་དམ་བཅའ་དང། རྟགས་གསལ་རྣམས་སྤྱན་བསྟར་ཞུས་གནང་ཡོད་པ་རེད།
དེ་གར་ཆོས་ཞུ་བའི་གྲས་སུ་ཕྱི་རྒྱལ་ཡུལ་གྲུ་ཁག་དང་ས་གནས་ཕྱོགས་མཐའ་ཁག་ནས་ཕེབས་པའི་མི་མང་༣༠༠༠་བརྒལ་བའི་སར་༧གོང་ས་མཆོག་གིས་སྔོན་འགྲོའི་གསུང་ཆོས་དང་བྱམས་སེམས་ཀྱི་སྡོམ་པ་འབོགས་ཆོག་བཀྲིན་སྩལ་ཡོད་པའི་གནས་ཚུལ་དང་དེ་བཞིན་༧གོང་ས་མཆོག་གིས་དེ་གའི་ས་གནས་ཁག་གི་ནང་མཛད་འཕྲིན་ཁག་བཀྲིན་བསྐྱང་བཞིན་ཡོད་པའི་གནས་ཚུལ་ཐོན་བཞག།