༸གོང་ས་མཆོག་གི་ཁེ་ན་ཌའི་ནང་གི་མཛད་འཕྲིན།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཕྱི་ལོ་ཉིས་སྟོང་དགུ་ལྦེན་ཁུ་ལྦར་ཞི་བདེའི་ལྷན་ཚོགས་ཐོག་ཆིབས་བསྒྱུར་བསྐྱངས་ཡོད་པ་རེད།

2009-09-30
Share

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འདིའི་ཟླའི་ཚེས་ཉི་ཤུ་དྲུག་ཉིན་ཨ་རིའི་གྲོང་ཁྱེར་ཀེ་ལི་ཕོ་ནི་ཡའི་ཁུལ་གྱི་མཛད་འཆར་ལེགས་པར་གྲུབ་རྗེས་ཁེ་ན་ཌའི་གྲོང་ཁྱེར་ལྦེན་ཁུ་ལྦར་ཆིབས་བསྒྱུར་བསྐྱངས་ཏེ་ཁུལ་དེའི་ནང་རྟེན་གཞི་གནང་བའི་ཏཱ་ལའི་བླ་མའི་ཞི་བདེ་དང་ཤེས་ཡོན་བསྟི་གནས་ཁང་གིས་གོ་སྒྲིག་གནང་བའི་ཕྱི་ལོ་ཉིས་སྟོང་དགུ་ལྦེན་ཁུ་ལྦར་ཞི་བདེའི་ལྷན་ཚོགས་ཐོག་ཆིབས་བསྒྱུར་བསྐྱངས་ཡོད་པ་རེད། ཞི་བདེའི་ལྷན་ཚོགས་དེ་བཞིན་ཕྱི་ཚེས་ཉི་ཤུ་བདུན་ནས་ཉི་ཤུ་དགུ་བར་ཉིན་གྲངས་གསུམ་རིང་གནང་ཡོད་པ་རེད།

ཉིས་སྟོང་དགུ་ལོའི་ལྦེན་ཁུ་ལྦར་ཞི་བདེའི་ལྷན་ཚོགས་དེ་དབུ་འཛུགས་མ་གནང་གོང་གྲོང་ཁྱེར་དེའི་ནང་ཡོད་པའི་ཕེ་ཛར་ཞེས་པའི་ཚོགས་པ་དེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ལྷོ་ཨཕ་རི་ཀའི་ཡེ་ཤུའི་བླ་ཆེན་ཌེ་སི་མེན་ཀྲུ་ཀྲུ་རྣམ་གཉིས་ལ་བྱམས་བརྩེ་དང་བཟོད་སྲན་ཞེས་པའི་གཟེངས་རྟགས་འབུལ་ལམ་ཞུས་པ་དང་ཆབས་ཅིག་ཨ་སྒོར་འབུམ་གཅིག་རེ་ཕུལ་ཡོད་པ་རེད། ༸གོང་ས་མཆོག་ནས་གཟེངས་རྟགས་བྱ་དགའ་ཨ་སྒོར་འབུམ་གཅིག་དེ་ནས་ཨ་སྒོར་ཁྲི་ལྔ་ཨ་རིའི་ཨེ་མོ་རི་གཙུག་ལག་སློབ་གྲྭ་ཆེན་མོར་ཞལ་འདེབས་གསོལ་སྩལ་གནང་ཡོད་པ་རེད།

གྲོང་ཁྱེར་ལྦེན་ཁུ་ལྦར་ནང་ཞི་བདེའི་ལྷན་ཚོགས་ཀྱི་ཉིན་དང་པོའི་སྐབས་ཀྱི་བརྗོད་གཞི་མི་སྒེར་གྱི་ཞི་བདེ་བརྒྱུད་འཛམ་གླིང་ནང་ཞི་བདེ་ཡོང་ཐབས་ཞེས་པ་དེ་ཡིན་པ་དང་༸གོང་ས་མཆོག་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས་པའི་ལྷན་ཚོགས་དེའི་ཐོག་མི་གྲངས་ཁྲི་བཅུ་གཉིས་ཙམ་ཞིག་འདུ་འཛོམས་བྱུང་ཡོད་པ་རེད། དེ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལྦེན་ཁུ་ལྦར་ནང་གི་བོད་རིགས་ཚོར་དམིགས་བསལ་བཀའ་སློབ་གནང་ཡོད་པ་མ་ཟད་ཁེ་ན་ཌའི་ན་གཞོན་ཚོའི་འདུ་འཛོམས་ ང་ཚོའི་ཉིན་མོ་ཞེས་པའི་ཐོག་༸གོང་ས་མཆོག་གིས་ན་གཞོན་གྲངས་ཁྲི་བཅུ་དྲུག་ཙམ་ལ་བྱམས་བརྩེ་དང་དུས་རབས་ཉི་ཤུ་རྩ་གཅིག་པ་དེ་བཞིན་ཞི་བདེའི་དུས་རབས་ཤིག་ཆགས་ཐུབ་པའི་འབད་བརྩོན་བྱེད་དགོས་པའི་བཀའ་སློབ་རྒྱ་ཆེ་གནང་འདུག།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།