ཨོསོ་ཀྲོ་ལི་ཡའི་གྲོས་ཚོགས་འཐུས་མིས་༸གོང་ས་མཆོག་མཇལ་འཕྲད་ཞུས་པ།

༸གོང་ས་མཆོག་ནས་ཨོསོ་ཀྲོ་ལི་ཡའི་ཕྱོགས་འགལ་ཚོགས་པའི་དབུ་འཁྲིད་དང་གཞན་ཡང་གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག་བཅས་མཇལ་འཕྲད་གནང་འདུག

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དེ་རིང་རེས་གཟའ་ལྷག་པའི་ཉིན་ཨོསོ་ཀྲོ་ལི་ཡའི་ནང་གི་མཛད་འཆར་དབུ་འཛུགས་གནང་ཡོད་པའི་ཐོག་མར་ཕྱོགས་འགལ་ཚོགས་པའི་དབུ་འཁྲིད་སྦེ་རན་དྲན་ ནེལ་སན་མཆོག་དང་། གཞན་ཡང་གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག་བཅས་མཇལ་འཕྲད་གནང་བ་དང༌། དེ་ནས་གསར་འགོད་པ་དང་། ཆོས་ཕྱོགས་ཀྱི་གནད་ཡོད་མི་སྣ་བརྒྱ་སྐོར་ཞིག་དང་མཇལ་འཕྲད་གནང་བའི་སྐབས་རྒྱ་ནག་མཉམ་གྲོས་མོལ་སླར་གསོ་ཡོང་རྒྱུའི་ཐུགས་རེ་གནང་གི་ཡོད་ཀྱང་གྲོས་མོལ་གྱི་རྗེས་འབྲས་གང་འདྲ་ཞིག་ཡོང་མིན་མ་འོངས་པར་གཟིགས་རྒྱུ་མ་གཏོགས་ད་ལྟའི་ཆར་གསུངས་ཐུབ་རྒྱུ་མིན་ཞེས་བཀའ་གནང་བ་དང་། ཆབས་ཅིག་བོད་མིའི་འཐབ་རྩོད་ནི་འཚེ་མེད་ཞི་བའི་ལམ་ཁོ་ནའི་ཐོག་ནས་གནང་རྒྱུ་ཡིན་ལུགས་ནན་བརྗོད་གནང་འདུག།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁུལ་དེར་ཉིན་གྲངས་ལྔའི་རིང་བཞུགས་བཞག་གནང་རྒྱུན་རིང་སྲིད་བློན་མཆོག་ས་གནས་སུ་ཕེབས་རྐྱེན་མཇལ་འཕྲད་གནང་ཐུབ་ཀྱི་མེད་ཀྱང་མ་འོངས་པར་ངེས་པར་དུ་༸གོང་ས་མཆོག་མཇལ་རྒྱུའི་ཐུགས་འདོད་ཡོད་ཅེས་ཨོསོ་ཀྲོ་ལི་ཡའི་སྲིད་བློན་ཀེ་ལྦིན་ རུདྲ་མཆོག་ནས་གསར་འགོད་པས་བཅར་འདྲི་ཞུས་པའི་སྐབས་གསུངས་འདུག། འོན་ཀྱང་ཕྱི་སྲིད་བློན་ཆེན་མཆོག་མཇལ་འཕྲད་གནང་སྲིད་པ་དང༌། ཕྱི་མི་གཞིས་སྤོས་ལས་དོན་ཚན་པའི་བློན་ཆེན་མཆོག་མཇལ་རྒྱུ་ཐུགས་གཏན་འཁེལ་ཡོད་འདུག་ལ་གཞུང་གི་མགྲིན་ཚབ་པས། ༸གོང་ས་ཏཱ་ལའི་བླ་མ་མཆོག་ནི་རྒྱལ་སྤྱིའི་ནང་ཆོས་ཕྱོགས་ཀྱི་དབུ་འཁྲིད་གལ་ཆེ་ཞིག་ཡིན་པའི་ངོས་འཛིན་ཞུ་གི་ཡོད་ལ་ཨོསོ་ཀྲོ་ལི་ཡའི་ནང་བོད་མི་གནས་སྡོད་བྱེད་ཀྱི་ཡོད་པའི་ཆ་ནས་ཀྱང་༸གོང་ས་མཆོག་གཟིགས་བསྐོར་གནང་བར་ཆེ་ཐོངས་ཞུ་གི་ཡོད་ཅེས་གསུངས་འདུག། ཐེངས་འདིའི་མཛད་འཆར་གཙོ་བོ་ཆོས་འབྲེལ་གནང་རྒྱུ་ཡིན་པ་བཅས་ཀྱི་གནས་ཚུལ་ཐོན་འདུག།