འཛམ་གླིང་ནང་མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་རྒྱ་གར་གྱི་འོས་བསྡུ་ཆེན་མོ་འགོ་འཛུགས་གནང་འདུག

2024.04.19
འཛམ་གླིང་ནང་མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་རྒྱ་གར་གྱི་འོས་བསྡུ་ཆེན་མོ་འགོ་འཛུགས་གནང་འདུག རྒྱ་གར་གྱི་(Jammu and Kashmir)་མངའ་ཁུལ་གྱི་འོས་བསྡུའི་ས་ཚིགས་ཞིག ༠༤།༡༩།༢༠༢༤
AP

ཟླ་༤ཚེས་༡༩རེས་གཟའ་པ་སངས་ཉིན་ནས་བཟུང་། འཛམ་གླིང་ནང་གི་མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་རྒྱ་གར་ནང་རྒྱལ་ཡོངས་འོས་བསྡུ་ཆེན་མོ་འགོ་བཙུགས་ཡོད་པ་དང་། རྒྱ་གར་གྱི་སྲིད་བློན་ནཱ་རེན་རྡརཱ་མོ་དྷི་(Narendra Modi)་མཆོག་གིས་དཔལ་འབྱོར་གོང་འཕེལ་དང་སྤྱི་ཚོགས་བདེ་དོན། ཧིན་རྡུ་ཆོས་ལུགས་ཀྱི་མི་རིགས་རིང་ལུགས་ཀྱི་ལྟ་བ་དང་མི་སྒེར་གྱི་མཚན་སྙན་སོགས་ཀྱི་རྒྱབ་སྐྱོར་འོག་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་ཁོང་གི་སྲིད་བློན་གྱི་ལས་འཁུར་ཐེངས་གསུམ་པ་ཐོབ་ཆེད་འོས་མིར་བཞེངས་གནང་གི་ཡོད་པ་རེད།
ཐེངས་འདིའི་རྒྱ་གར་གྱི་འོས་བསྡུ་ཆེན་མོའི་ཁྲོད་ལས་ཐོག་སྲིད་བློན་མོ་དྷི་མཆོག་གིས་སྣེ་ཁྲིད་པའི་རྒྱ་གར་མི་མང་ཚོགས་པ་སྟེ་ (BJP) དང་ཕྱོགས་འགལ་ཚོགས་པ་ཉི་ཤུ་ལྷག་ལས་གྲུབ་པའི་མནའ་འབྲེལ་ཚོགས་པའི་དབར་འགྲན་རྩོད་གནང་གི་ཡོད་པ་དང་། ཕྱོགས་འགལ་མནའ་འབྲེལ་ཚོགས་པས་མི་མང་ལ་སྔར་ལས་ལྷག་པའི་འདྲ་མཉམ་ཁེ་དབང་སྤྲོད་རྒྱུ་དང་། དམངས་ཕན་བདེ་དོན་གནང་རྒྱུ། དམངས་གཙོའི་སྒྲིག་གཞི་མྱུར་སྐྱོབ་བྱེད་རྒྱུ་ནན་བརྗོད་གནང་གི་ཡོད་འདུག
རྒྱ་གར་གྱི་མི་འབོར་མང་ཤོས་ཀྱི་ཨུ་ཏར་པར་དྷེཤ་མངའ་སྡེའི་ཁར་རན་ནཱ་(Kaierana)་གྲོང་ཁྱེར་གྱི་ཁ་ཆེའི་མི་རིགས་འོས་ཤོག་འཕེན་མཁན་ལོ་ན་ ༣༢ ཡིན་པའི་ཨབ་དྷུལ་(Abdul)་གྱིས་མོ་དྷི་མཆོག་གིས་ཡང་བསྐྱར་དབང་ཆ་འཛིན་པར་ཡིད་ཆེས་ཡོད་པ་བརྗོད་པ་རོའི་ཊརསི་གསར་སྤེལ་ཁང་གིས་ལུང་འདྲེན་བྱས་འདུག ཁོང་གིས་ཆོས་ལུགས་སྐུལ་སྤེལ་ལས་གཞན་བདེ་འཇགས་ཁྲིམས་སྐྱོང་སོགས་ཀྱི་ཐད་ནས་ཕྱག་ལས་ཡག་པོ་གནང་ཡོད་པ་ཡང་གསུངས་འདུག
ཡང་ཁ་ཆེ་བ་འོས་ཤོག་འཕེན་མཁན་གཞན་ཞིག་གིས་ལས་ཀ་ཤོར་བའི་གནད་དོན་ནི་ཁོང་ཚོས་སེམས་འཁུར་བྱེད་ས་གཙོ་བོ་ཡིན་པ་གསུངས་འདུག
རྒྱ་གར་གྱི་རྒྱལ་ཡོངས་འོས་བསྡུ་ཆེན་མོ་དེ་རིམ་པ་བདུན་ལ་བགོས་ཡོད་འདུག་ལ། ཟླ་བ་འདིའི་ཚེས་༡༩ནས་བཟུང་རིམ་པ་དང་པོ་འགོ་འཛུགས་བྱས་ཡོད་པ་དང་། མངའ་སྡེ་དང་ས་ཁུལ་ཁག་ ༢༡ ནང་འོས་འཕེན་ས་ཚིགས་ ༡༠༢ བཙུགས་ནས། འོས་ཤོག་འཕེན་ཆོག་པའི་ཐོབ་ཐང་ཡོད་པའི་མི་གྲངས་དུང་ཕྱུར་བཅུ་ལ་ཉེ་བས་དབྱར་ཁའི་ཚ་དྲོད་ཆེ་བའི་ཕྱི་ཟླ་དྲུག་པའི་ཚེས་ ༡ བར་འོས་ཤོག་ཕངས་ཏེ། ཕྱི་ཟླ་ ༦ ཚེས་ ༤ ཉིན་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་གནང་རྒྱུ་ཡིན་པ་རེད།།


གསར་འགོད་པ། ལྕགས་མོ་འཚོ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བྷོསི་ཊོན་གཟའ་མཇུག་བོད་ཡིག་སློབ་གྲྭ
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཀརྨ་ཚེ་བརྟན་བོད་རང་སྐྱོང་ལྗོངས་མི་མང་སྲིད་གཞུང་གི་འགོ་གཙོའི་ལས་ཚབ་ཏུ་བསྐོ་གཞག་བྱས་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎