ཧོང་ཀོང་ནང་དྲུག་བཞིའི་དོན་རྐྱེན་གྱི་དུས་དྲན་མངོན་ཆུང་གི་ཐོག་ནས་སྲུང་བརྩི་ཞུ་འཆར་འདུག

2023.06.02
ཧོང་ཀོང་ནང་དྲུག་བཞིའི་དོན་རྐྱེན་གྱི་དུས་དྲན་མངོན་ཆུང་གི་ཐོག་ནས་སྲུང་བརྩི་ཞུ་འཆར་འདུག པེ་ཅིན་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་བྱུང་བའི་དྲུག་བཞིའི་དོན་རྐྱེན་སྐབས། ༡༩༨༩
6.4 file photo

དེ་ཡང་ཕྱི་ཟླ་དྲུག་པའི་ཚེས་བཞི་ཉིན་མོ་ནི། རྒྱ་ནག་གི་རྒྱལ་ས་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་དེ་སྔ་ཕྱི་ལོ་༡༩༨༩ལོའི་ཕྱི་ཟླ་དྲུག་པའི་ཚེས་བཞི་ཉིན་སློབ་ཕྲུག་གཙོ་བོར་གྱུར་བའི་མི་མང་ཁྲི་ཁྲག་མང་པོས་དམངས་གཙོའི་དགོས་འདུན་བཏོན་ཏེ་སྒེར་ལངས་ཀྱི་ལས་འགུལ་སྤེལ་བ་དང་། དེའི་ཐོག་རྒྱ་ནག་གཞུང་གིས་དྲག་གནོན་བྱས་ནས་ལས་འགུལ་བ་མང་པོའི་ཚེ་སྲོག་ཤོར་བའི་ཉིན་མོ་ཡིན་ཞིང་། ལོ་ངོ་གསུམ་བཅུ་ལྷག་དེའི་རིང་ཧོང་ཀོང་གཙོ་བོར་གྱུར་བའི་འཛམ་གླིང་ས་ཕྱོགས་གང་སར་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཚོས་དྲན་གསོ་ཞུ་བཞིན་ཡོད་པ་རེད། འོན་ཀྱང་འདས་པའི་ལོ་ཤས་ནས་བཟུང་ཧོང་ཀོང་ནང་རྒྱ་ནག་གིས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་ཟེར་བའི་ཁྲིམས་གསར་བཟོ་ལག་བསྟར་བྱས་པའི་རྐྱེན་གྱིས་མི་མང་འདུ་འཛོམས་ཀྱི་ལས་འགུལ་སྤེལ་མི་ཆོག་པའི་དམ་དྲག་བྱས་པར་བརྟེན། ད་ལོ་དེ་སྔ་དང་མི་འདྲ་བར་མི་ཚོགས་འཛོམས་ནས་ལས་འགུལ་སྤེལ་ཐུབ་ཀྱི་མེད་པ་མ་ཟད། མངོན་གསལ་དོད་པོའི་ཐོག་ནས་དུས་དྲན་སྲུང་བརྩི་ཞུ་རྒྱུར་ཡང་ཞེ་སྣང་བྱེད་བཞིན་ཡོད་འདུག

Tiananmen Massacre anniversary (1).jpeg
ང་ཚོས་ནམ་ཡང་བརྗེད་ཐབས་མེད་ཅེས་བྲིས་པའི་སྟོད་གོས་ནག་པོ་ཞིག་གྱོན་པ། དེ་སྔ་དྲུག་བཞིའི་དོན་རྐྱེན་དྲན་གསོའི་ལས་འགུལ་གོ་སྒྲིག་ཞུ་མཁན་(Richard Tsoi)་ཡིས་ཨེ་པི་གསར་ལས་ཁང་ལ། འདས་པའི་ལོ་ངོ་༣༠ལྷག་ཙམ་རིང་ང་ཚོས་དྲུག་བཞི་དྲན་གསོ་ཞུས་ཡོད། ཡིན་ནའང་ད་ཆ་དྲུག་བཞིའི་དོན་རྐྱེན་དེ་ཧོང་ཀོང་ནང་རྩ་བ་ནས་ནག་བསུབ་མི་འགྲོ་བའི་ཐབས་ལམ་གཞན་ཞིག་ཐོག་ནས་དྲན་གསོ་ཞུ་དགོས་ཆགས་ཀྱི་རེད་ཅེས་འགྲེལ་བརྗོད་བྱས་ཡོད་འདུག དེ་བཞིན་ཁག་ཅིག་གིས་སྒྲོན་མེ་དང་གློག་སྒྲོན་སྦར་བ་སོགས་མངོན་ཆུང་གི་ཐོག་ནས་དུས་དྲན་སྲུང་བརྩི་ཞུ་འཆར་ཡོད་འདུག
ཡང་ཨེ་པི་གསར་ལས་ཁང་གིས་ཧོང་ཀོང་ས་གནས་སྲིད་གཞུང་གི་སྤྱི་ཁྱབ་པར། གལ་སྲིད། མང་ཚོགས་ཀྱི་འདུ་འཛོམས་བྱས་པ་ཡིན་ན་ག་རེ་གནང་གི་རེད་ཅེས་དྲིས་སྐབས། ཁྲིམས་དང་འགལ་ན་ང་ཚོས་དེར་གཞིགས་པས་སྟངས་འཛིན་བྱེད་དགོས་ཆགས་ཀྱི་རེད་ཅེས་ལན་འདེབས་བྱས་ཡོད་འདུག

Tiananmen Massacre anniversary (2).jpeg
དྲུག་བཞིའི་དོན་རྐྱེན་གྱི་དུས་དྲན་དེ་དབྱིན་ཡུལ་གཙོས་ཕྱིའི་ཡུལ་གྲུ་མང་པོ་ནང་དྲན་གསོ་ཆེད་བྱ་འགུལ་འདྲ་མིན་སྤེལ་འཆར་ཡོད་པ་དང་། འདི་ཚེས་༢ཉིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་དྲུག་བཞིའི་དོན་རྐྱེན་དང་འབྲེལ་བའི་བསྒྲགས་གཏམ་སྤེལ་བ་དེའི་ནང་། པེ་ཅིན་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་རང་དབང་དང་དམངས་གཙོའི་ཆེད་དྲུག་བཞིའི་དོན་རྐྱེན་བྱུང་ནས་ད་ཆ་མི་ལོ་སོ་བཞི་ཕྱིན་ཡོད། རྒྱ་ནག་གཞུང་གིས་ངེས་པར་དུ་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་ལ་གུས་བརྩི་བྱེད་དགོས་པའི་འབོད་སྐུལ་གནང་འདུག


གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
གྲོས་ཚོགས་འགོ་བཙུགས་པ་དང་བསྟུན་རྡ་རམ་ས་ལར་མི་མང་རེ་འབོད་ཚོགས་པས་མི་མང་རང་བཞིན་གྱི་ཞུ་འབོད་ལས་འགུལ་སྤེལ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎