པེ་ཅིང་དུ་ངོ་རྒོལ་དང་ཧོང་ཀོང་ནང་དྲུག་བཞིའི་དོན་རྐྱེན་ལ་དྲན་གསོ་ཞུ་མཁན་མང་པོ་འཛིན་བཟུང་བྱས་འདུག

དེ་ཡང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ༡༩༨༩ལོར་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་མདུན་ཐང་དུ་དྲུག་བཞིའི་ལས་འགུལ་སྤེལ་བའི་ཐོག་རྒྱ་ནག་གཞུང་གིས་དྲག་གནོན་བྱས་ནས་ལོ་ངོ་༣༤འཁོར་བའི་དུས་དྲན་སླེབས་ལ་ཉེ་བའི་སྤྱི་ཟླ་༦པའི་ཚེས་༣ཉིན། པེ་ཅིན་དུ་དེ་སྔ་ཨོ་ལིམ་པིཀསི་རྩེད་འགྲན་འཚོགས་སའི་རྩེད་ཐང་བྱིའུ་ཚང་ཞེས་པའི་ནང་། ཐེ་ཝན་གྱི་གླུ་གཞས་འཁྲབ་སྟོན་རུ་ཁག་ཟླ་ལྔ་བའི་གནམ་ཞེས་བས་འཁྲབ་སྟོན་སྐབས། གློ་བུར་དུ་བྱིའུ་ཚང་གི་ཕྱི་རོལ་གྱི་ལྕགས་སྟེགས་ལིང་ལོང་ཐ་ཞེས་པའི་སྟེང་བུད་མེད་ཞིག་ཐོན་པའི་ལག་ཏུ་ཨ་མི་རི་ཀའི་རྒྱལ་དར་དང་མཉམ་དུ་འབོད་ཚིག་འདྲ་མིན་འཁོད་པའི་འཕྲེད་དར་འཕྱར་བ་དང་། གཞན་ཨ་རིའི་རང་བཙན་གསལ་བསྒྲགས་ཡིག་ཆ་པར་སློག་བརྒྱབ་པ་མང་པོ་གནམ་ལ་གཏོར་ནས་ངོ་རྒོལ་བྱས་ཡོད་འདུག
ཁོང་མོའི་ངོ་རྒོལ་གྱི་འབོད་སྒྲ་ཡིག་ཆའི་ནང་། ཨ་རིའི་རང་བཙན་གསལ་བསྒྲགས་ཀྱི་ཡིག་ཆ་དང་མཉམ། རྒྱ་ནག་མི་དམངས་རང་དབང་རང་བཙན་ལྡན་པའི་སྤྱི་འབངས་ཤིག་ཆགས་དགོས་པ་ལས། སྲིད་དོན་ཚོགས་པ་ཞིག་ལ་བསམ་པ་རྣམ་དག་ཡོད་མཁན་ཞིག་མ་ཡིན་པར། དམངས་གཙོ་དང་རང་དབང་ལྡན་པའི་རྒྱ་ནག་ཞིག་གསར་སྐྲུན་བྱེད་ཆེད་དུ་ལས་འགུལ་སྤེལ་དགོས་བའི་འབོད་སྐུལ་བྱས་ཡོད་འདུག
གནས་ཚུལ་བྱུང་བའི་རྗེས་གོང་ཞུས་བུ་མོ་དེ་སྤྱི་བདེ་མི་སྣས་བཙན་ཁྲིད་འཛིན་བཟུང་བྱས་བ་བརྙན་ལམ་དུ་མཐོང་རྒྱུ་ཡོད་པ་ལས། ཁོང་མོའི་མིང་དང་དེའི་རྗེས་ཀྱི་གནས་ཚུལ་སོགས་ཤེས་རྟོགས་བྱུང་མི་འདུག
༢༠༢༢ལོར་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་འཚོགས་ལ་ཉེ་བའི་སྐབས། རྒྱ་ནག་གི་རྒྱལ་ས་པེ་ཅིང་གི་འཁྲུག་ཆ་དོད་པའི་ས་ཁུལ་ཧའེ་ཏེན་ཟེར་བའི་སི་ཐུང་ཟམ་ཆེན་གི་ཐོག་རས་གཞི་དཀར་པོའི་སྟེང་སྣག་ཚ་དམར་པོས་བྲིས་པའི་འཕྲེད་དར་མི་འདྲ་བ་ཁག་གཉིས་དཔྱང་སྟེ། རྒྱ་ནག་གི་འགོ་ཁྲིད་ཞི་ཅིན་ཕིང་གནས་དབྱུང་གཏོང་དགོས་པ་དང་། སྤྱི་ཚོགས་དཀའ་ངལ་དང་འབྲེལ་བའི་མི་དགོས་པ་ལྔའི་འབོད་ཚིག་བཀོད་དེ་ངོ་རྒོལ་བྱས་མྱོང་ཡོད་པ་རེད།

hongkong protest.jpg
34th anniversary of the 1989 Beijing's Tiananmen Square crackdown in Hong Kong Police detain a woman with paper flowers in downtown on the 34th anniversary of the 1989 Beijing's Tiananmen Square crackdown, near where the candlelight vigil is usually held, in Hong Kong, China June 4, 2023. REUTERS/Tyrone Siu TPX IMAGES OF THE DAY (TYRONE SIU/REUTERS)


གཞན་གསར་ལམ་ཁག་གི་གནས་ཚུལ་ལྟར་ན། སྤྱི་ཟླ་༦པའི་ཚེས་༤ཉིན་ཧོང་ཀོང་ནང་དྲུག་བཞིའི་དོན་རྐྱེན་ལ་དྲན་གསོ་ཞུ་མཁན་མི་གྲངས་༢༣ཧོང་ཀོང་ཉེན་རྟོག་པས་སྤྱི་ཚོགས་བརྟན་བརླིང་ལ་གཏོར་སྐྱོན་བཏང་བའི་ཉེས་མིང་འོག་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པ་མ་ཟད། གཞན་ལོ་ན་༥༣ལ་སོན་པའི་བུད་མེད་ཞིག་གིས་ཉེན་རྟོག་པའི་ལས་དོན་ལ་འགོག་རྐྱེན་བཟོས་པའི་ཉེས་མིང་འོག་འཛིན་བཟུང་བྱས་ཡོད་འདུག
སྤྱིར་དེ་སྔ་ཧོང་ཀོང་ནང་དྲུག་བཞིའི་དོན་རྐྱེན་ལ་རྗེས་དྲན་བྱས་པ་སོགས་དམངས་གཙོའི་ལས་འགུལ་སྤེལ་རྒྱུར་གཞུང་གིས་བཀག་རྒྱ་མེད་ནའང་། ཉེ་བའི་ནང་རྒྱ་ནག་གཞུང་གིས་ཧོང་ཀོང་ནང་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ཟེར་བ་ལག་བསྟར་བྱས་ནས། ཧོང་ཀོང་གི་དམངས་གཙོའི་རང་དབང་ལ་དོ་ཕོག་ཚབས་ཆེན་བཏང་དང་གཏོང་བཞིན་པ་དང་། དྲུག་བཞིའི་དོན་རྐྱེན་ལ་རྗེས་དྲན་སོགས་མི་མང་འཛོམས་ནས་ལས་འགུལ་སྤེལ་རྒྱུར་ས་གནས་གཞུང་གིས་དམ་དྲག་ནན་མོ་བྱས་དང་བྱེད་བཞིན་ཡོད་པ་རེད།
ཐེ་ཝན་དང་། དབྱིན་ཡུལ། འཇར་མན། ཨ་རི་སོགས་ཡུལ་ལུང་མང་པོར་རྣམ་པ་འདྲ་མིན་གྱི་ཐོག་ནས་དྲུག་བཞིའི་དོན་རྐྱེན་ལ་རྗེས་དྲན་བྱས་ཡོད་པ་དང་། ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་དྲུག་བཞིའི་དྲན་གསོ་ཁང་ཞེས་པའི་འགྲེམས་སྟོན་ཁང་ཞིག་དབུ་འབྱེད་གནང་འདུག


གསར་འགོད་པ། སྐལ་བཟང་སྒྲོལ་མ། བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།