ཨ་རིའི་གྲོས་ཚོགས་གོང་མའི་ནང་ཨ་རིའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་ཁྲིམས་འཆར་ལ་རྒྱབ་སྐྱོར་ཐོབ་པའི་རེ་བ་ཡོད་གསུང་སོང་།


2020-11-10
Share
སྲིད་སྐྱོང་མཆོག་གསར་འགོད་ལྷན་ཚོགས་སྐབས། ༡༡།༡༠།༢༠ སྲིད་སྐྱོང་མཆོག་གསར་འགོད་ལྷན་ཚོགས་སྐབས། ༡༡།༡༠།༢༠
RFA/Dhasa

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་རིང་མིན་ཨ་རིའི་གྲོས་ཚོགས་གོང་མའི་ནང་ཨ་རིའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་ཁྲིམས་འཆར་དེར་རྒྱབ་སྐྱོར་ཐོབ་པའི་རེ་བ་གནང་བཞིན་པ་གསུང་སོང་།
ཟླ་འདིའི་ནང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་ལགས་ཨ་རིར་གཞུང་འབྲེལ་ཕྱོགས་བསྐྱོད་གནང་གཏན་འཁེལ་ཡོད་པར་བརྟེན། འདི་ཚེས་༡༠རེས་གཟའ་མིག་དམར་ཉིན་བཞུགས་སྒར་རྡ་རམ་ས་ལར་བོད་མིའི་སྒྲིག་འཛུགས་ཀྱི་ལྟེ་གནས་གངས་ཅན་སྐྱིད་གཤོངས་སུ་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། ཁ་སྔོན་ངོས་ཨ་རིར་ཕྱིན་པའི་སྐབས་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་ཁྲིམས་འཆར་ཐོག་གླེང་སློང་བྱུང་ན་བསམ་པ་རེད། འོན་ཀྱང་། སྐབས་དེར་ཨ་རི་སྲིད་འཛིན་གཙོས་པའི་ཕོ་བྲང་དཀར་པོའི་ནང་དུ་(Covid-19)ཏོག་དབྱིབས་ནད་ཡམས་ཀྱི་དཀའ་ངལ་དང་། ལྷག་པར་དུ་ཨ་རིའི་ཁྲིམས་དཔོན་བསྐོ་བཞག་ཐད་དོ་སྣང་དང་གླེང་སློང་ཆེན་པོ་བྱུང་བའི་དབང་གིས། བོད་དོན་ཁྲིམས་འཆར་ཐད་གོ་བསྡུར་ཡོང་རྒྱུ་ཁག་པོ་བྱུང་སོང་། འོན་ཀྱང་། གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ལས་བྱེད་ཁག་ཅིག་ལྷན་དུ་དྲ་ལམ་བརྒྱུད་གྲོས་བསྡུར་བྱུང་བར་བཞིན། ཨ་རིའི་འོས་བསྡུ་ཆེན་མོ་ཚར་བའི་རྗེས་སླར་ཡང་འབད་བརྩོན་བྱས་ན་ཡག་པོ་ཡོད་པའི་དགོངས་འཆར་བཏོན་པ་བཞིན། རིང་མིན་སྤྱི་ཟླ་༡༢བའི་ནང་ཚུད་ལ་ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གིས་ཚོགས་འདུ་ཚོགས་རྒྱུའི་རེ་བ་བྱེད་ཀྱི་ཡོད། དེར་བརྟེན། ཟླ་བ་འདིའི་ནང་ངོས་རང་ཨ་རིར་བསྐྱོད་དེ་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་ཁྲིམས་འཆར་ཐོག་ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་ནས་རྒྱབ་སྐྱོར་གནང་བའི་རེ་བ་ཡོད་ལ། དེ་བཞིན་འབྲེལ་ཡོད་ཁག་ལ་འབོད་སྐུལ་ཞུ་རྒྱུ་ཡིན་པ་མ་ཟད། ཨ་རིར་གནས་བཞུགས་བོད་མི་ཚོས་ངོས་ནས་དེའི་ཐད་ཤུགས་གནོན་རྒྱབ་རོགས་ཞེས་འབོད་སྐུལ་ཞུས་གནང་སོང་།
ཨ་རིའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་ཁྲིམས་འཆར་དེ་བཞིན་དེ་སྔ་ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་ནང་སྤྱི་མོས་ཀྱི་གཏན་འབེབས་བྱུང་ཏེ། ༢༠༢༠ལོའི་སྤྱི་ཟླ་༥ པའི་ཚེས་ ༡༤ ་ཉིན་ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་ནང་། ཨ་རིའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་ཁྲིམས་འཆར་ཚུད་པའི་ཁྲིམས་འཆར་གལ་ཆེ་ཁག་ཅིག་གི་ཐོག་གྲོས་བསྡུར་གནང་རྒྱུ་གཏན་འཁེལ་བྱུང་ཡོད་ཀྱང་། སྤྱི་ཟླ་༥པའི་ཚེས་༡༤ཉིན་བགྲོ་གླེང་ལས་རིམ་དེ་བཞིན་ཕྱིར་འགྱངས་གནང་རྒྱུའི་གསལ་བསྒྲགས་གནང་བ་ནས་བཟུང་ད་བར་བོད་དོན་ཁྲིམས་འཆར་དེའི་ཐོག་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་ནང་དོན་ཕན་ལྡན་པའི་གྲོས་བསྡུར་ཞིག་བྱུང་མེད་པ་རེད།

ཨ་རིའི་གྲོས་ཚོགས་འོག་མའི་ནང་གཏན་འབེབས་ཟིན་པའི་བོད་དོན་ཁྲིམས་འཆར་དེ་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ནང་ཉན་ཞིབ་བགྲོ་གླེང་ཐོག་སྤྱི་མོས་ཀྱི་རྒྱབ་སྐྱོར་ཐོབ་དགོས་པ་དང་། དེའི་རྗེས་གྲོས་ཚོགས་གོང་མའི་ཚང་འཛོམས་གྲོས་ཚོགས་ཀྱི་ནང་བགྲོ་གླེང་དང་འོས་བསྡུ་གནང་དགོས་ཅིང་། དེ་ནས་ཨ་རིའི་སྲིད་འཛིན་གྱིས་ཁྲིམས་འཆར་དེར་མཚན་རྟགས་བཀོད་པའི་ཉིན་མོ་ནས་བཟུང་ཁྲིམས་འཆར་དེ་རྒྱལ་ཁབ་ཀྱི་ལག་བསྟར་དང་རྩ་འཛིན་ཁྲིམས་ཡིག་ཞིག་ཏུ་གྱུར་གྱི་ཡོད་པ་རེད།

ཨ་རིའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་ཁྲིམས་འཆར་དེ་བཞིན་ཨ་རིའི་གྲོས་ཚོགས་ཀྱིས་ཕྱི་ལོ་ ༢༠༠༢ ལོར་གཏན་ལ་ཕབ་པའི་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་ལ་བསྐྱར་བཅོས་དང་འཐུས་སྒོ་ཇེ་ཚང་དུ་གཏོང་ཆེད་ཡིན་འདུག་ཅིང་། ཁྲིམས་འཆར་དེ་སྤྱི་ལོ་༢༠༡༩ལོར་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་(Jim McGovern)ལགས་ཀྱིས་གྲོས་ཚོགས་འོག་མའི་ནང་བཏོན་ཡོད་པ་དང་། དེ་ནས་རིམ་པས་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་(Marco Rubio)གཙོས་པའི་གྲོས་ཚོགས་འཐུས་མི་ཁག་ཅིག་ནས་གྲོས་ཚོགས་གོང་མའི་ནང་བཏོན་ཡོད་འདུག

སྤྱིར་ཁྲིམས་འཆར་དེའི་ནང་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་དབུས་པའི་བོད་ཀྱི་བླ་སྤྲུལ་རྣམ་པའི་ཡང་སྲིད་ཀྱི་གནད་དོན་དེ་ཆོས་ལུགས་ཀྱི་གནད་དོན་ཞིག་ཡིན་སྟབས། བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་སྲོལ་རྒྱུན་བཞིན་ལག་བསྟར་བྱ་དགོས་པ་དང་། གལ་སྲིད་ཡང་སྲིད་ངོས་འཛིན་ཞུ་བའི་རྒྱུད་རིམ་ཁྲོད་རྒྱ་ནག་གཞུང་དང་དེ་འབྲེལ་དཔོན་རིགས་ནས་ཐེ་བྱུས་བྱས་ཚེ་ཨ་རིའི་གཞུང་གིས་དེའི་ཐོག་དཔལ་འབྱོར་དང་། ཚོང་དོན། ཐོངས་མཆན་སོགས་བཀག་སྡོམ་གྱི་ཉེས་ཆད་གཅོད་རྒྱུ། དེ་བཞིན་ཨ་རིའི་ཕྱི་སྲིད་ལས་ཁང་གི་བོད་དོན་འབྲེལ་མཐུད་པའི་ལས་འགན་ནུས་བ་ཆེ་རུ་གཏོང་རྒྱུ་དང་བོད་ཀྱི་དབུ་ཁྲིད་དང་། རྒྱ་ནག་གི་དཔོན་རིགས་བར་གྲོས་མོལ་སླར་གསོ་ཡོང་ཐབས་བྱ་རྒྱུ་སོགས་གནད་དོན་ཁག་བརྒྱད་ཡོད་འདུག

ཡང་གོང་ཞུས་གནས་ཚུལ་དང་འབྲེལ་སྤྱི་ལོ་༢༠༡༩ལོའི་སྤྱི་ཟླ་༩པའི་ནང་རྒྱ་ནག་གཞུང་གི་ཕྱི་སྲིད་མགྲིན་ཚབ་པས་ཨ་མ་རི་ཀས་བོད་དོན་ཁྲིམས་འཆར་བཏོན་པ་དེས། རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་བྱས་ཡོད་ལུགས་དང་། བོད་ཀྱི་གནད་དོན་ནི་རྒྱ་ནག་གི་ནང་སྲིད་ཡིན་པས་ཕྱི་རྒྱལ་གྱི་སྟོབས་ཤུགས་གང་ཞིག་གིས་ཀྱང་ཐེ་བྱུས་བྱེད་མི་ཆོག་ཅེས་དང་། དེའི་ཐད་རྒྱ་ནག་གཞུང་གིས་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ལུགས་སོགས་ཨ་རི་ལ་སྐྱོན་བརྗོད་བྱས་ཡོད་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།