རྒྱལ་ཚོགས་ནང་རྒྱལ་ཁབ་དུ་མས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་བ།

2018-11-06
གློག་འཕྲིན།
མཆན།
Share
པར་བཀོད།
འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས།
འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས།
མགོ་ལོག་འཇིགས་མེད་ལགས་ཀྱི་ངོ་དེབ།

འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་དུས་བཀག་བསྐྱར་ཞིབ་ཐེངས་ ༣༡ དེ་ཕྱི་ཟླ་ ༡༡ ཚེས་ ༦ ཉིན་ཇི་ནི་ཝར་རྟེན་གཞི་བྱས་པའི་རྒྱལ་ཚོཌ་ཀྱིས་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ནང་འགོ་བཙུགས་བྱས་ཡོད་ཅིང་།  ཕྱི་ཚེས་ ༦ ཉིན་ཚོགས་ཞུགས་རྒྱལ་ཁབ་བཅུ་གསུམ་གྱིས་རྒྱ་ནག་གིས་བོད་ནང་འགྲོ་བ་མིའི་ཐབ་ཐང་བརྡལ་བཤིག་བཏང་དང་གཏོང་བཞིན་པའི་ཐད་ཐུགས་འཚབ་ཡོད་པ་གླེང་སློང་གནང་ཞིང་།  དེ་དག་གི་ཁོངས་ནས་ཡུལ་གྲུ་དགུའི་སྐུ་ཚབ་ནས་བོད་ནང་ཆོས་དད་དང་འདུ་འཛོམས། འགྲུལ་ཞུད་བཅས་ཀྱི་རང་དབང་དགོས་པ་དང་འབྲེལ་བའི་རྒྱབ་གཉེར་དོན་ཚན་བཅུ་གཉིས་བྱས་པ་ཞིག་ཡིག་ཐོག་འདོན་སྤེལ་གནང་ཡོད་འདུག

མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་དུས་བཀག་བསྐྱར་ཞིབ་འདི་ལོ་ལྔ་རེའི་མཚམས་སུ་ཐེངས་རེ་གནང་སྲོལ་ཡོད་པ་དང་།  འདི་ལོའི་བསྐྱར་ཞིབ་སྐབས་རྒྱ་ནག་གཞུང་གིས་བོད་དང་ཤར་ཏུར་ཀིསི་ཐན་སོགས་ཀྱི་མི་རིགས་ཐོག་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཤུགས་ཆེ་གཏོང་བཞིན་པའི་གནད་དོན་ནུས་ཤུགས་ལྡན་པའི་ཐོག་ནས་ཐེར་འདོན་བྱ་རྒྱུའི་ལས་འགུལ་སྤེལ་བཞིན་ཡོད་ཅིང་།  དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་ཀྱི་ཆེད་མཐོའི་ལས་བྱེད་པ་དང་། གཞན་ཡང་བོད་མིའི་གཞུང་འབྲེལ་མིན་པའི་ཚོགས་པའི་སྐུ་ཚབ།  བོད་དོན་རྒྱབ་སྐྱོར་བ་སོགས་ཞུ་གཏུགས་གནང་མཁན་མང་དག་ཞིག་ཇེ་ནི་ཝར་ཕེབས་འབྱོར་གྱིས་མཉམ་བསྡུས་ཀྱི་ལས་དོན་སྤེལ་བཞིན་ཡོད་པ་རེད།

ཕྱི་ཚེས་ ༦ ཉིན་ ནིའུ་ཛི་ལེནྜི་ཡིས་དེ་སྔ་ཕྱི་ལོ་༢༠༡༣ལོར་བོད་རྒྱའི་གྲོས་མོལ་ཆད་པ་དེ་བསྐྱར་གསོ་དགོས་སྐོར་བསྐྱར་བརྗོད་གནང་འདུག་ལ  ཨའོསི་ཊི་རི་ཡ་དང་ཉི་ཧོང་། དབྱིན་ཡུལ་བཅས་ནས་བོད་ཀྱི་སྐོར་ངག་ཐོག་ནས་གླེང་སློང་གནང་ཞིང་། སྦེལ་ཇེམ་དང་ དབྱིན་ཡུལ། སུཝེ་ཌན། ཨ་མི་རི་ཀ།  ཨའོསྀ་ཊེ་ལི་ཡ། ཇར་མན་དང་སུའེ་ཛར་ལེནཌ་བཅས་ཀྱིས་ཡིག་ཐོག་རྒྱ་ནག་གཞུང་ལ་སྔོན་ཚུད་ནས་དྲི་བ་བཏང་ཡོད་འདུག ཨ་མི་རི་ཀས་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དོན་གཉེར་བ་བཀྲིས་དབང་ཕྱུག་ལགས་གློད་གྲོལ་གཏོང་དགོས་པ་ཐེར་འདོན་གནང་འདུག   རྒྱ་ནག་གཞུང་གི་སྐུ་ཚབ་ཀྱིས་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་ཐད་ཆེས་ཡར་རྒྱས་ཀྱི་གྲུབ་འབྲས་ཆེན་པོ་ཐོན་ཡོད་ལུགས་བརྗོད་དེ་འགྲོ་བ་མིའི་ཐོབ་ཐང་ཇེ་སྡུག་ཏུ་ཕྱིན་ཡོད་པ་ངོས་ལེན་བྱ་ཐབས་མེད་པ་ལན་འདེབས་བྱས་འདུག

བོད་དོན་རྒྱབ་སྐྱོར་བ་ཚོས་ཐེངས་འདིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དུས་བཀག་བསྐྱར་ཞིབ་ཀྱི་ཚོགས་འདུ་འདིའི་ཐོག་རྒྱལ་ཁབ་མང་པོའི་སྐུ་ཚབ་ཀྱིས་བོད་དོན་ཐད་གནད་འགག་ལྡན་པའི་གླེང་སློང་གནང་པར་དགའ་བསུ་ཆེན་པོ་ཞུས་ཤིང་།  ཁོང་ཚོས་ནམ་རྒྱུན་རྒྱ་ནག་གཞུང་གིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་སྐྱོན་བརྗོད་ཆུང་ཆུང་ཞིག་ལ་མ་བྱས་ཀྱང་དེ་བྱེད་མཁན་གྱི་རྒྱལ་ཁབ་ཁག་ལ་གནོན་ཤུགས་ཆེན་པོ་སྤྲོད་བཞིན་ཡོད་པ་བརྗོད་འདུག

ཀརྨ་རྒྱ་མཚོ། སྐལྡན་བློ་གྲོས།

མཆན། (0)
Share
དྲ་གནས་ཆ་ཚང༌།