ཨའོསི་ཊིརི་ཡར་མཆོད་རྟེན་དབུ་འབྱེད་ཀྱི་མཛད་སྒོར་༧གོང་ས་མཆོག་གིས་གསུངས་འཕྲིན་བསྩལ་འདུག

2023.06.08
ཨའོསི་ཊིརི་ཡར་མཆོད་རྟེན་དབུ་འབྱེད་ཀྱི་མཛད་སྒོར་༧གོང་ས་མཆོག་གིས་གསུངས་འཕྲིན་བསྩལ་འདུག
Photo: RFA

ཟླ་བ་འདིའི་ཚེས་༤ཉིན་ཡོ་རོབ་ཀྱི་ཨའོསི་ཊིརི་ཡའི་(Austria)་(Grafenworth)་རུ་ཞི་བའི་མཆོད་རྟེན་ཞིག་དབུ་འབྱེད་གནང་པའི་སྐབས། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གསུངས་འཕྲིན་བསྩལ་ཡོད་པ་སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་སྒྲོག་སྦྱང་གནང་འདུག་ཅིང་། གསུངས་འཕྲིན་ནང་། ༧གོང་ས་མཆོག་གིས་ནང་པ་སངས་རྒྱས་པའི་རིག་གཞུང་ནང་མཆོད་རྟེན་གྱིས་སངས་རྒྱས་ཀྱི་གོ་འཕང་མཚོན་གྱི་ཡོད་སྟབས་དགོས་དོན་ཧ་ཅང་ཆེན་པོ་ཡོད་པ་དང་། སྤྱིར་བཏང་ནས་མཆོད་རྟེན་རིགས་ནི་དད་ལྡན་ཉམས་ལེན་པ་རྣམ་པའི་བྱང་ཆུབ་ཀྱི་སེམས་ཉམས་ལེན་ཐད་ཕན་གྲོགས་བྱེད་མཁན་ཞིག་ཡིན་སྟབས། དེ་རིགས་ནི་ཆོས་ཕྱོགས་ཀྱི་ཐོག་ནས་སེམས་འགུལ་སྐྱེ་གཞི་ཡིན་ཞེས་དང་། དེ་བཞིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་མཆོད་རྟེན་དེ་ཉིད་ཞི་བདེའི་མཚོན་དོན་དུ་ཕྱག་བཏབ་པ་ཡིན་དུས་དད་ལྡན་པ་རྣམས་ཀྱིས་ཞི་བདེ་ལྡན་པའི་འཛམ་གླིང་ཞིག་བསྐྲུན་ཐབས་སུ་ཞབས་འདེགས་སྒྲུབ་ཐབས་ཐད་འབད་བརྩོན་གནང་དགོས་པའི་རེ་སྐུལ་གནང་བའི་ཁར། ཞི་བདེ་ནི་སྨོན་ལམ་ཁོ་ན་བརྒྱུད་ནས་མ་ཡིན་པར་ལག་ལེན་གྱི་ཐོག་ནས་ཡོང་གི་ཡོད་པའི་ལམ་སྟོན་མཛད་འདུག
ཞི་བའི་མཆོད་རྟེན་དེ་ཉིད་བྷོབ་ཇོན་སུ་ནིམ་བསྟན་འཛིན་མཐར་ཕྱིན་ལགས་དང་། (Elisabeth Lindmayer)་ལགས་གཉིས་ཀྱིས་འབད་བརྩོན་དང་ཨོསྟྲི་ཡའི་གྲོང་སྡེ་ལྷན་ཚོགས་ཀྱི་སྤྱི་ཁྱབ་(Alfred Riedlmany)་ལགས་སོགས་ཀྱི་རྒྱབ་སྐྱོར་འོག་བཞེངས་སྐྲུན་གནང་ཡོད་པ་དང་། བོད་ཟླ་བཞི་པ་ས་ག་ཟླ་བའི་དུས་ཚིགས་ཁྱད་པར་ཅན་ཉིན་འབྲི་གུང་ཆེ་ཚང་རིན་པོ་མཆོག་གིས་རབ་གནས་དབུ་འབྱེད་མཛད་འདུག
ཞི་བའི་མཆོད་རྟེན་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་(Austria)་ཡའི་གྲོང་སྡེ་ལྷན་ཚོགས་ཀྱི་སྤྱི་ཁྱབ་པ་དང་། མངའ་སྡེའི་སྲིད་སྐྱོང་གི་སྐུ་ཚབ་སོགས་ཀྱིས་མཉམ་ཞུགས་གནང་ཡོད་འདུག


གསར་འགོད་པ། དོན་གྲུབ་རྣམ་རྒྱལ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎