ཁེ་ཎ་ཌའི་ཨོ་ཏྲ་ཝ་གཙུག་ལག་སློབ་ཆེན་དུ་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ཐད་དཔྱད་ཞིབ་བགྲོ་གླེང་གནང་འདུག

2024.03.13
ཁེ་ཎ་ཌའི་ཨོ་ཏྲ་ཝ་གཙུག་ལག་སློབ་ཆེན་དུ་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ཐད་དཔྱད་ཞིབ་བགྲོ་གླེང་གནང་འདུག ཁེ་ཎ་ཌའི་ཨོ་ཏྲ་ཝ་གཙུག་ལག་སློབ་ཆེན་དུ་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ཐད་དཔྱད་ཞིབ་བགྲོ་གླེང་གནང་སྐབས་ཨ་མི་རི་ཀའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་(Uzra Zeya)་ལགས་ཀྱིས་གཏམ་བཤད་གནང་བཞིན་པ། ༠༣།༡༢།༢༠༢༤
Facebook /Canada Tibet Committee

འདི་ཚེས་༡༢ཉིན་ཁེ་ཎ་ཌའི་ནང་རྒྱ་གཞུང་གིས་བོད་ཀྱི་སྐད་ཡིག་རིག་གཞུང་དང་མི་རིགས་བཅས་བ་རྩ་མེད་བཟོ་ཐབས་ཀྱི་སྲིད་ཇུས་ལག་བསྟར་བྱེད་བཞིན་པའི་ཐད། བགྲོ་གླེང་དང་གཏམ་བཤད་ཀྱི་ལས་རིམ་ཞིག་ཁེ་ན་ཌའི་(Ottawa)་གཙུག་ལག་སློབ་ཆེན་དུ་ཚོགས་ཡོད་པ་དང་། ཁེ་ན་ཌ་བོད་དོན་ལྷན་ཚོགས་ཀྱི་འགན་འཛིན་ཤེས་རབ་མཐར་ཕྱིན་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། དེ་ནི་ཁེ་ན་ཌའི་(Ottawa)་གཙུག་ལག་སློབ་ཆེན་དང་། ཁེ་ཎ་ཌའི་ནང་བཅའ་སྡོད་ཨ་རིའི་གཞུང་ཚབ་ཁང་། ཁེ་ཎ་ཌའི་བོད་དོན་ལྷན་ཚོགས་(Canada Tibet Committee)་བཅས་གསུམ་གྱིས་གོ་སྒྲིག་གནང་བ་དང་། གཙོ་བོ་རྒྱ་ནག་གཞུང་གིས་བོད་ནང་བོད་ཀྱི་སྐད་ཡིག་རིག་གཞུང་དང་། བོད་མི་རིགས་ཀྱི་ངོ་བོ་བཅས་བ་རྩ་མེད་བཟོ་ཐབས་ཀྱི་སྲིད་ཇུས་ལག་བསྟར་བྱེད་བཞིན་པའི་ཐད་བགྲོ་གླེང་དང་གཏམ་བཤད་གནང་སྐབས། ཁེ་ཎ་ཌའི་ནང་ཡོད་པའི་ཕྱིའི་གཞུང་ཚབ་ཁང་ཁག་ཅིག་གི་སྐུ་ཚབ་དང་ཆབ་སྲིད་མི་སྣ། ཨོ་ཏྲ་ཝ་གཙུག་ལག་སློབ་གྲྭའི་སློབ་མ། དེ་བཞིན་ས་གནས་བོད་མི་བཅས་མི་གྲངས་༦༠་ལྷག་མཉམ་འཛོམས་གནང་བའི་ཐོག་ཨ་མི་རི་ཀའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་(Uzra Zeya)་ལགས་ཆེད་ཕེབས་ཀྱིས་བོད་དོན་རྒྱབ་སྐྱོར་གྱི་གཏམ་བཤད་གནང་བ་མ་ཟད། བོད་ནང་རྒྱ་ནག་གཞུང་གིས་བཅའ་སྡོད་སློབ་གྲྭ་བཙུགས་པའི་ནང་བོད་ཕྲུག་ཚོ་བཅུག་པ་དང་མཉམ་མི་རིགས་རྒྱ་བསྒྱུར་གྱི་སློབ་གསོ་སྤེལ་བཞིན་པ་དང་། ཉེ་ཆར་རྒྱ་ནག་གཞུང་གིས་སྡེ་དགེ་རྫོང་ཁོངས་ཀྱི་འབྲི་ཆུའི་རྒྱུད་དུ་ཆུ་མཛོད་གློག་འདོན་ཁང་གསར་རྒྱག་གི་ལས་གཞིར་ཞི་རྒོལ་གནང་མཁན་གྱི་ས་གནས་བོད་མི་༡༠༠༠ ལྷག་ལ་དྲག་གནོན་གྱིས་འཛིན་བཟུང་བྱས་བ་རྣམས་འཕྲལ་མར་གློད་གྲོལ་གཏོང་དགོས་པ་དང་། རྒྱ་ནག་གཞུང་གིས་ལོ་རྒྱུས་རང་བཞིན་ལྡན་པའི་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་ཁག་གི་ཤུལ་བཞག་རིག་གནས་སྲུང་སྐྱོབ་བྱ་དགོས་པའི་སྐུལ་མ་གནང་ཡོད་འདུག

དེའི་རྗེས་ཨ་མི་རི་ཀའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་(Uzra Zeya)་ལགས་ཀྱིས་(X)་དྲྭ་བར། ད་རེས་ཁེ་ཎ་ཌའི་ནང་རྒྱ་ནག་གཞུང་གིས་བོད་ནང་བོད་ཀྱི་ཆོས་དང་རིག་གཞུང་བཅས་པ་རྩ་མེད་བཟོ་བའི་སྲིད་ཇུས་གནད་དོན་ཐད་བགྲོ་གླེང་ནང་མཉམ་ཞུགས་གནང་ཐུབ་པ་ཡག་པོ་བྱུང་། གནད་དོན་དེའི་ཐད་བཀའ་བསྡུར་ལྷུག་པོ་བྱུང་། ཨ་མི་རི་ཀས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གོང་འཕེལ་གཏོང་ཐབས་ཆེད་སྲིད་ཇུས་འཛིན་པའི་ཐོག་བཀའ་བསྡུར་གནང་རྒྱུ་བྱུང་། ཨ་རིས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་སྐད་ཡིག བོད་མི་རིགས་ཀྱི་ངོ་བོ་བཅས་པ་སྲུང་སྐྱོབ་གནང་རྒྱུར་རྒྱབ་སྐྱོར་ཡོད་པ་བསྐྱར་ནན་གྱི་གོ་སྐབས་བྱུང་བར་སྤོབས་པ་ཡོད་ཅེས་གསུངས་འདུག

Tibet in Canada (1).jpg
བགྲོ་གླེང་དང་གཏམ་བཤད་ཀྱི་ལས་རིམ་དེའི་ཐོག་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་དང་། འབུམ་རམས་པ་བཀྲ་ཤིས་རབ་རྒྱས་ལགས་བཅས་ཀྱིས། རྒྱ་ནག་གཞུང་གིས་བོད་ནང་མི་རིགས་རྩ་གཏོར་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་དང་། འགྲོ་བ་མིའི་ཐོབ་ཐང་གི་གནས་བབ། བོད་ཀྱི་ས་ཁྱོན་གནས་བབ། བོད་ནང་གི་བཅའ་སྡོད་སློབ་གྲྭའི་ནང་བོད་ཀྱི་རིག་གཞུང་དང་སྐད་ཡིག་རྩ་མེད་གཏོང་བཞིན་པའི་ཉེན་ཁ། དེ་བཞིན་བོད་སྡེ་དགེའི་ཁུལ་དུ་ཆུ་མཛོད་གློག་འདོན་ཁང་གསར་རྒྱག་གི་ལས་གཞིའི་འོག་བོད་མིའི་སྡོད་ཁང་དང་ལོ་རྒྱུས་རང་བཞིན་ལྡན་པའི་བོད་བརྒྱུད་ནང་པའི་དགོན་སྡེ་གཏོར་བཤིག་གི་ཉེན་ཁ་ཡོད་པ་བཅས་ཀྱི་ཐོག་བགྲོ་གླེང་དང་དྲི་བར་ལན་འདེབས་གནང་ཡོད་པ་རེད།
ཁེ་ན་ཌ་བོད་དོན་ལྷན་ཚོགས་ཀྱི་འགན་འཛིན་ཤེས་རབ་མཐར་ཕྱིན་ལགས་ཀྱིས་གསུངས་ན། བོད་ནང་གི་གནས་སྟངས་དང་འབྲེལ་བའི་ཐོག་ཁེ་ཎ་ཌའི་གཙུག་ལག་སློབ་གྲྭ་ཆེན་མོ་ཁག་ཅིག་ནང་བགྲོ་གླེང་དང་གོ་བསྡུར་ཡང་ཡང་གནང་བཞིན་ཡོད་ཀྱང་། ད་རེས་ཨ་རིའི་གཞུང་དང་ཁེ་ཎ་ཌའི་གནད་ཡོད་མི་སྣ་ལྷན་འཛོམས་ཀྱིས་དཔྱད་ཞིབ་བགྲོ་གླེང་གནང་བ་ནི་ཕལ་ཆེར་ཐོག་མ་ཡིན་པས། བོད་ནང་གི་ཛ་དྲག་གནས་སྟངས་དང་འབྲེལ་བའི་ཐད་དེ་ལྟ་བུའི་བགྲོ་གླེང་དང་གཏམ་བཤད་ལས་རིམ་གོ་སྒྲིག་གནང་རྒྱུ་དང་གནད་ཡོད་མི་སྣ་ཚོ་མཉམ་ཞུགས་ཡོད་བའི་འབོད་སྐུལ་གནང་ཡོད་འདུག


གསར་འགོད་པ། ཨྱོན། སེང་གེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་འཆར་ལ་སྤྱི་མོས་རྒྱབ་སྐྱོར་ཐོབ་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུན་རིང་སྒོ་རྒྱབ་པའི་བོད་དང་བལ་ཡུལ་ཀྱི་ས་མཚམས་འགག་སྒོ་བཅུ་བཞི་སྒོ་ཕྱེ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎