སྲིད་སྐྱོང་མཆོག་གིས་ཅི་ལཱིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་གསར་བར་འཚམས་འདྲི་ཞུས་འདུག

2022.11.15
Share on WhatsApp
Share on WhatsApp
སྲིད་སྐྱོང་མཆོག་གིས་ཅི་ལཱིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་གསར་བར་འཚམས་འདྲི་ཞུས་འདུག ༧གོང་ས་མཆོག་དང་ཅི་ལཱིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་(Vlado Mirosevic)་ལགས་མཇལ་འཕྲད་སྐབས། ༢༠༡༥
El Dalái Lama

སྲིད་སྐྱོང་མཆོག་དང་སྤྱི་འཐུས་ཚོགས་གཙོ་རྣམ་གཉིས་ཀྱིས་སྐུ་ཞབས་(Vlado Mirosevic)་ལགས་ཅི་ལཱིའི་གྲོས་ཚོགས་འོག་མའི་ཚོགས་གཙོར་བདམས་ཐོན་བྱུང་བར་འཚམས་འདྲི་ཞུས་གནང་ཡོད་འདུག
དེ་ཡང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་སྐུ་ཞབས་ཝེ་ལ་ཌོ་མི་རོ་སེ་ཝིཀ་མཆོག་ཅི་ལཱིའི་(Chile)་གྲོས་ཚོགས་འོག་མའི་ཚོགས་གཙོར་བདམས་ཐོན་བྱུང་བར་འཚམས་འཕྲིན་གནང་བའི་ནང་། སྐུ་ཉིད་ཉེ་ཆར་ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་དུ་བོད་དོན་ཆེད་རྒྱལ་སྤྱིའི་རྒྱལ་ཁབ་འདྲ་མིན་གྱི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐོག་མཇལ་འཕྲད་བྱུང་བར་དགའ་ཚོར་བྱུང་། དུས་རྒྱུན་དུ་སྐུ་ཉིད་ནས་ཅི་ལཱིའི་གྲོས་ཚོགས་ནང་བོད་དོན་ལ་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེས་གནང་བཞིན་པ་དང་། ལྷག་པར་དུ་ཅི་ལཱིའི་ནང་བོད་དོན་རྒྱབ་སྐྱོར་ཆེད་དུ་སྐུལ་སློང་གནང་བ་སོགས་ལ་སྙིང་ཐག་པ་ནས་རྗེས་སུ་ཡི་རངས་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ། ད་རེས་སྐུ་ཉིད་ཅི་ལཱིའི་གྲོས་ཚོགས་འོག་མའི་ཚོགས་གཙོར་བདམས་ཐོན་བྱུང་བར་ངོས་ཀྱི་དབུས་བོད་མིའི་སྒྲིག་འཛུགས་དང་བོད་མིའི་ཚབ་ཞུས་ཏེ་འཚམས་འདྲི་ཞུ་རྒྱུ་ཡིན་ཅེས་དང་། ད་བར་སྐུ་ཉིད་ནས་བོད་དོན་ཆེད་ཐུགས་འཁུར་གནང་བ་ལྟར་མ་འོངས་པར་ཡང་མུ་མཐུད་དུ་བོད་རྒྱའི་དཀའ་རྙོག་སེལ་ཐབས་དང་། བོད་ཀྱི་གནད་དོན་ཐད་རྒྱབ་སྐྱོར་གནང་བའི་རེ་བ་ཡོད་ལ། སྐུ་ཉིད་དང་སླར་ཡང་དངོས་སུ་ཞལ་མཇལ་ཐུབ་པའི་རེ་བ་ཡོད། སྐུ་ཉིད་ཀྱི་འབྱུང་འགྱུར་གྱི་ཕྱག་ལས་རྣམས་ལམ་ལྷོང་ལྡན་པ་ཞིག་ཡོང་བའི་སྨོན་འདུན་ཡོད་ཅེས་ཞུས་གནང་ཡོད་པ་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་འདུག
དེ་བཞིན་ཡང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ཀྱིས་ཀྱང་གཞིས་བྱེས་བོད་མི་ཡོངས་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ། གསར་དུ་བདམས་ཐོན་བྱུང་བའི་ཅི་ལཱིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་སྐུ་ཞབས་(Vlado Mirosevic)་ལགས་སུ་འཚམས་འདྲི་ཞུས་བ་དང་མཉམ། འབྱུང་འགྱུར་མུ་མཐུད་དུ་བོད་དོན་ཐོག་རྒྱབ་སྐྱོར་གནང་རྒྱུའི་རེ་བ་ཡོད་པ་ཞུས་འདུག
གོང་དུ་ཞུས་པའི་སྐུ་ཞབས་མི་རོ་སེ་ཝིག་ལགས་ནི། ལྷོ་ཨ་མི་རི་ཀའི་ཅི་ལཱིའི་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མི་ཡིན་པ་དང་། ཡུལ་དེའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ནང་ལོ་མང་རིང་བོད་དོན་ལ་ཐུགས་འཁུར་ཆེ་བཞེས་གནང་མཁན་ཞིག་ཀྱང་ཡིན་འདུག


གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎