རྒྱ་གར་རང་བཙན་ཉིན་སྲིད་སྐྱོང་མཆོག་གིས་རྒྱ་གར་གཞུང་དམངས་གཉིས་ལ་འཚམས་འདྲི་ཞུས་འདུག

2022.08.15
Share on WhatsApp
Share on WhatsApp
རྒྱ་གར་རང་བཙན་ཉིན་སྲིད་སྐྱོང་མཆོག་གིས་རྒྱ་གར་གཞུང་དམངས་གཉིས་ལ་འཚམས་འདྲི་ཞུས་འདུག རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རང་བཙན་ཉིན་སྲིད་བློན་(Narendra Modi)་མཆོག་གིས་གཏམ་བཤད་གནང་བཞིན་པ། ༠༨།༡༥།༢༠༢༢
AFP

དེ་ཡང་སྤྱི་ལོ་༡༩༤༧ལོའི་སྤྱི་ཟླ༨པའི་ཚེས་༡༥ཉིན། རྒྱ་གར་དབྱིན་ཇིའི་མི་སེར་སྤེལ་ཡུལ་རིང་ལུགས་ཀྱི་དབང་སྒྱུར་འོག་ནས་རང་བཙན་ཐོབ་སྟེ། འདི་ཚེས་༡༥བར་ལོ་ངོ་༧༥འཁོར་བའི་ཉིན་མོ་དང་བསྟུན། རྒྱ་གར་རྒྱལ་ས་ལྡི་ལི་གཙོ་བོར་གྱུར་བའི་རྒྱ་གར་རྒྱལ་ཡོངས་ཙམ་མ་ཟད། འཛམ་གླིང་ཡུལ་གྲུ་འདྲ་མིན་ནང་གནས་སྡོད་བྱེད་བཞིན་པའི་རྒྱ་གར་ཡུལ་མི་ཚོས་དུས་ཆེན་སྲུང་བརྩི་བྱེད་བཞིན་པ་ལྟར། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། ཁོང་གི་(Twitter)་སྤྱི་ཚོགས་བརྒྱུད་ལམ་སྟེང་། རྒྱ་གར་གཞུང་མང་གཉིས་ལ་འཚམས་འདྲི་ཞུས་འདུག་པ་དེའི་ནང་། རྒྱ་གར་ལ་རང་བཙན་ཐོབ་ནས་ལོ་ངོ་༧༥འཁོར་བའི་ཉིན་མོར་རྒྱ་གར་གཞུང་མང་གཉིས་ལ་འཚམས་འདྲི་ཞུ་རྒྱུ་དང་སྦྲགས། ཉིན་འདིར་བོད་མིའི་སྒྲིག་འཛུགས་དང་འཛམ་གླིང་ཡུལ་གྲུ་ཁག་ཏུ་གནས་པའི་བོད་མི་ཡོངས་ནས་སྤོབས་པ་དང་སྙིང་སྟོབས་ལྡན་པའི་སྒོ་ནས་རྒྱ་གར་གཅེན་གཅུང་ཚོ་དང་ལྷན་དུ་དུས་ཆེན་ལ་རོལ་གྱི་ཡོད། རྒྱ་གར་གཞུང་དམངས་གཉིས་ཀྱིས་བཙན་བྱོལ་བོད་ཀྱི་སྤྱི་ཚོགས་ལ་རོགས་སྐྱོར་ཆེས་ཆེར་གནང་བ་ནི། བཀའ་དྲིན་ཆེན་པོ་ཡིན། རྒྱ་གར་རྒྱལ་ཁབ་མུ་མཐུད་དུ་ཡར་རྒྱས་ཡོད་བར་ཤོག་ཅེས་གསུངས་འདུག
ཉིན་དེར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་(Red Fort)་ཁར་དམར་པའི་མདུན་ཐང་དུ། སྲིད་བློན་སྐུ་ཞབས་(Narendra Modi)་གཙོས་པའི་རྒྱ་གར་གྱི་ཆེས་མཐོའི་དཔོན་རིགས་དང་། གནད་ཡོད་མི་སྣ་སོགས་མི་མང་རྣམས་ལྷན་འཛོམས་ཐོག་དུས་ཆེན་སྲུང་བརྩི་ཞུས་ཤིང་། སྐབས་དེར་སྲིད་བློན་(Modi)་མཆོག་གིས། རྒྱ་གར་དེ་བཞིན་ཡར་ཐོན་གྱི་རྒྱལ་ཁབ་ཤིག་བསྐྲུན་པར་མི་སེར་ཐེར་འབུམ་གཅིག་ལྷག་ཡོད་པ་ཚང་མ་མཉམ་རུབ་ཀྱིས་ཕྱག་ལས་གནང་དགོས་པའི་གལ་གནད་སྐོར་གསུང་ཞིང་། ལྷག་པར་དུ་ད་ལྟའི་རྒྱ་གར་གྱིས་གདོང་ལེན་བྱ་དགོས་པའི་གནད་དོན་ཆེ་ཤོས་གཉིས་ནི། ལྐོག་ཟ་རུལ་སུངས་དང་། ཁྱིམ་རྒྱུད་ཆབ་སྲིད་གཉིས་ཡིན་པས། ཚང་མས་དེ་གཉིས་ལ་གདོང་ལེན་བྱ་རྒྱུའི་དུས་ལ་བབ་ཡོད་པ་གསུངས་འདུག
ད་དུང་སྲིད་བློན་(Modi)་མཆོག་གིས། རྒྱ་གར་གྱི་མདུན་སྐྱོད་ཆེད་དུ་ཁོང་ལ་དོན་ཚན་ལྔ་ཡོད་པ་ལས། དང་པོ་ནི་རྒྱ་གར་གྱི་འཕེལ་རྒྱས་ཆེད་དུ་སྔར་ལས་གོམས་པ་མདུན་སྤོས་བྱེད་རྒྱུ་དང་། གཉིས་པ། བྲན་གཡོག་ལམ་ལུགས་ཀྱི་རྗེས་ཤུལ་ཡོངས་རྫོགས་མེད་པར་བཟོ་རྒྱུ། གསུམ་པ། རྒྱ་གར་གྱི་ཤུལ་བཞག་རྒྱུ་དངོས་ལ་སྤོབས་པ་སྐྱེད་དགོས་པ། བཞི་པ། གཅིག་སྒྲིལ་གོང་མཐོར་གཏོང་རྒྱུ། ལྔ་པ་སྟེ། སྲིད་བློན་དང་བློན་ཆེན་ཚུད་པའི་མི་སེར་ཚང་མས་རང་ཁྲིད་ཀྱི་འོས་འགན་འཐུས་ཤོར་མེད་པར་བསྒྲུབ་རྒྱུ་བཅས་ཡིན་པ་བརྗོད་འདུག
ཡང་ཐེངས་འདིའི་རྒྱ་གར་རང་བཙན་ཉིན་མོར་འཛམ་གླིང་གི་གནད་ཡོད་མི་སྣ་ཚོས་རྒྱ་གར་ལ་འཚམས་འདྲི་ཞུས་འདུག་པའི་ཁྲོད། ཨ་མི་རི་ཀའི་སྲིད་འཛིན་སྐུ་ཞབས་(Joe Biden)་མཆོག་གིས། བདག་ཉིད་ཆེན་པོ་གྷན་དྷིས་མཆོག་གིས་ལམ་སྟོན་མཛད་པའི་བདེན་པ་དང་འཚེ་བ་མེད་པ་སོགས་དང་དམིགས་བསལ་འབྲེལ་བ་ཡོད་པའི་རྒྱ་གར་གྱི་མང་གཙོའི་མདུན་སྐྱོད་ལ་ཨ་རིའི་མི་མང་ཚོས་ཆེས་བསྟོད་ཞུ་རྒྱུ་མ་ཟད། ཨ་རི་དང་རྒྱ་གར་གཉིས་ནི་ནམ་ཡང་བྲལ་ཐབས་མེད་པའི་མཐུན་གྲོགས་རྒྱལ་ཁབ་གཉིས་ཡིན་པ་བརྗོད་འདུག
ད་ལོར་རྒྱ་གར་རང་བཙན་ཐོབ་སྟེ་ལོ་ངོ་༧༥འཁོར་བའི་དུས་ཆེན་གྱི་བརྗོད་བྱ་གཙོ་བ་ནི། ཁྱིམ་ཚང་ཚང་མས་རང་ཁྱིམ་དུ་རྒྱལ་དར་སྒྲེང་འཛུགས་བྱ་རྒྱུ་དེ་ཡིན་ཞིང་། བཞུགས་སྒར་རྟེན་གཞི་བྱས་པའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་ས་གཉིས་ཀྱི་གོ་སྒྲིག་འོག་རྒྱ་གར་གཞུང་མང་གཉིས་ཀྱི་བཀའ་དྲིན་རྗེས་སུ་དྲན་པའི་སྒོ་ནས་ས་གནས་མི་མང་ཚོར་མངར་ཟས་དང་རྒྱ་གར་རྒྱལ་དར་བགོས་འགྲེམས་ཀྱི་ལས་འགུལ་ཞིག་སྤེལ་ཞིང་། གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་ཀྱིས། རྒྱ་གར་གཞུང་གིས་ད་བར་བོད་དོན་ཐོག་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་གནང་སོང་།
བདག་ཉིད་ཆེན་པོ་གྷན་དྷིས་མཆོག་གི་གཙོས་རྒྱ་གར་གྱི་རང་དབང་འཐབ་རྩོད་པ་མང་པོ་ཞིག་གིས་རྒྱ་གར་ནང་ཡོད་པའི་དབྱིན་ཇིའི་སྲིད་གཞུང་ལ་རྣམ་པ་འདྲ་མིན་གྱི་ཐོག་ནས་ངོ་རྒོལ་བྱས་ཏེ་རང་བཙན་འཐབ་རྩོད་བྱས་མཐར། མི་ལོ༢༠༠རྗེས་སྤྱི་ལོ་༡༩༤༧ལོར་དབྱིན་ཇིའི་མི་སེར་སྤེལ་ཡུལ་རིང་ལུགས་ཀྱི་དབང་བསྒྱུར་འོག་ནས་རང་བཙན་ཐོབ་ཡོད་པ་རེད།

གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཆབ་སྲིད་བཙོན་ཟུར་དགའ་ཤར་ལྷོ་པ་དགེ་བཤེས་ཕུན་ཚོགས་དར་རྒྱས་ལགས་དགོངས་པ་རྫོགས་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎