ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་དོན་དང་འབྲེལ་བའི་གྲོས་འཆཪ་བཏོན།


2020-10-23
Share
ཨ་མི་རི་ཀའི་གྲོས་ཚོགས་གོང་མའི་ནང་(Missouri)མངའ་སྡེའི་འཐུས་མི་སྐུ་ཞབས་(Josh Hawley)ལགས། ༡༠།༡༣།༢༠༢༠ ཨ་མི་རི་ཀའི་གྲོས་ཚོགས་གོང་མའི་ནང་(Missouri)མངའ་སྡེའི་འཐུས་མི་སྐུ་ཞབས་(Josh Hawley)ལགས། ༡༠།༡༣།༢༠༢༠
AFP

བོད་ནང་གི་བོད་མི་ཞིང་འབྲོག་མང་ཚོགས་ཚོ་རྒྱ་ནག་གཞུང་གིས་ངལ་རྩོལ་བསྒྱུར་བཀོད་དུ་བཙན་སྐུལ་བྱེད་བཞིན་པར་ཞིབ་འཇུག་དགོས་པ་ཨ་རིའི་གྲོས་ཚོགས་གོང་མའི་ནང་གྲོས་འཆཪ་བཏོན་འདུག
རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་ཚོ་བཙན་དབང་གིས་ངལ་རྩོལ་བསྒྱུར་བཀོད་ལ་སྐུལ་བཞིན་པའི་སྲིད་ཇུས་ལ་སྐྱོན་བརྗོད་ཀྱི་གྲོས་འཆར་ཞིག་ཨ་མི་རི་ཀའི་གྲོས་ཚོགས་གོང་མའི་ནང་(Missouri)མངའ་སྡེའི་འཐུས་མི་སྐུ་ཞབས་ཇོཤ་ཧའོ་ལི་(Josh Hawley)ལགས་ཀྱིས་བཏོན་གནང་བར་གནད་ཡོད་འཐུས་མི་མང་པོ་ཞིག་གིས་རྒྱབ་སྐྱོར་གནང་འདུག
ཕྱི་ཟླ་༡༠ཚེས་༢༢ཉིན། ཨ་རིའི་གྲོས་ཚོགས་ནང་རྒྱ་ནག་གཞུང་གིས་བོད་མིའི་ཐོག་བཙན་སྐུལ་ངལ་རྩོལ་བྱེད་བཞིན་པའི་གནད་དོན་ཐད་གྲོས་འཆར་བཏོན་པ་ནི་གནས་ཚུལ་གསར་པ་ཞིག་ཡིན་ཞིང་། གྲོས་འཆར་དེའི་ནང་། ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་(Josh Hawley)ལགས་ཀྱིས། རྒྱ་ནག་དམར་ཤོག་ཚོགས་པས་བོད་མིའི་ཐོག་བཙན་ཤེད་ཀྱིས་ངལ་རྩོལ་བྱེད་དུ་འཇུག་པ་དང་། གཞན་ཡང་བཙན་གནོན་གྱི་ཐབས་བྱུས་གཞན་བེད་སྤྱོད་ཀྱིས་བོད་མིའི་ཆོས་དད་རང་དབང་ལ་གཏོར་བཤིག་གཏོང་བཞིན་ཡོད་པ་གསལ་འདོན་གྱིས། ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་ཁག་གིས་བོད་མི་ལ་སོགས་པ་བཙན་སྐུལ་གྱི་ངལ་རྩོལ་སྐུལ་དེད་བྱ་ཡུལ་ནས་བཟོས་པའི་དངོས་ཟོག་ཚོང་འགྲེམ་བྱེད་མཁན་དང་ཚོང་འབྲེལ་མཚམས་འཇོག་དགོས་པ་གསུངས་འདུག
གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་(Hawley)ལགས་ཀྱི་གྲོས་འཆར་དེར་གནད་ཡོད་གྲོས་ཚོགས་གོང་མའི་འཐུས་མི་(Tom Tillis) (Ted Cruz) (Marsha Blackburn) (Tim Scott) (Mike Braun) (Todd Young) (Kelly Loeffler) (Bill Cassidy) (Martha McSally) (James Lankford)བཅས་ཀྱིས་རྒྱབ་སྐྱོར་གནང་ཡོད་པ་རེད།
གྲོས་ཚོགས་གོང་མའི་ནང་བོད་དོན་གྲོས་འཆར་གསར་པ་བཏོན་པ་དེར་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་དགའ་བསུ་ཞུས་ཤིང་། བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འཆར་འགན་འཛིན་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་ནང་གི་བོད་མིར་རྒྱབ་སྐྱོར་གྱི་གྲོས་འཆར་དེ་བཏོན་གནང་བར་བསྔགས་བརྗོད་དང་། རྒྱ་ནག་གི་སྲིད་འཛིན་(Xi Jinping)གི་སྲིད་དབང་འོག་བོད་ནང་བོད་མི་རིགས་ཀྱི་ངོ་བོ་རྩ་མེད་བཟོ་རྒྱུའི་སྲིད་བྱུས་དེ་ཛ་དྲག་ཆེ་རུ་ཕྱིན་ཡོད་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨ་མི་རི་ཀའི་གྲོས་ཚོགས་ནས་བཏོན་གནང་པའི་གྲོས་འཆར་དང་མཚུངས་པར་རྒྱ་ནག་གཞུང་གིས་བོད་ནང་བོད་མིར་རྡུང་རྡེག་དྲག་གནོན་གྱི་སྲིས་བྱུས་མཚམས་འཇོག་ཡོང་ཆེད་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ་གནང་འདུག
ཨ་རིའི་གྲོས་ཚོགས་གོང་མའི་ནང་ད་བར་གཏན་འབེབས་མ་ཐུབ་པར་ལུས་བའི་༢༠༢༠བོད་དོན་སྲིད་བྱུས་ཀྱི་ཁྲིམས་འཆར་དེ་གང་མགྱོགས་གཏན་འབེབས་ཡོང་ཐབས་ཐད། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་།་དབུས་བོད་མིའི་སྒྲིག་འཛུགས་སོགས་ནས་སྐུལ་མ་ཡང་སེ་གནང་བཞིན་ཡོད་ཅིང་། གལ་ཏེ་ཁྲིམས་འཆར་དེ་གཏན་འབེབས་འབྱུང་ཚེ་ཨ་རིའི་གཞུང་གིས་ལག་བསྟར་ཁྲིམས་ཡིག་ཞིག་ཏུ་འགྱུར་རྒྱུ་དང་། ༢༠༢༠བོད་དོན་སྲིད་བྱུས་ཀྱི་ཁྲིམས་འཆར་འདི་ནི་༢༠༠༢བོད་དོན་སྲིད་བྱུས་ཁྲིམས་ཡིག་གི་ཁ་སྣོན་ཞིག་ཡིན་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎