ཉིང་ཁྲི་ཕྱོགས་སུ་མེ་སྐྱོན་ལ་བརྟེན་བསང་གསོལ་གཏོང་རྒྱུ་འགོག་སྲིད་པའི་སེམས་འཚབ།

2021-03-02
Share
ཉིང་ཁྲི་ཕྱོགས་སུ་མེ་སྐྱོན་ལ་བརྟེན་བསང་གསོལ་གཏོང་རྒྱུ་འགོག་སྲིད་པའི་སེམས་འཚབ། ཉིང་ཁྲི་ཁུལ་གྱི་བྲག་ཡིབ་ཆུས་སྤྲེལ་རིར་ཉེ་ལམ་མེ་སྐྱོན་བྱུང་སྐབས། ༢།༢༠༢༡
བོད་འབྱོར།/RFA

བོད་ཉིང་ཁྲི་ཁུལ་གྱི་བྲག་ཡིབ་ཆུས་སྤྲེལ་རིར་ཉེ་ལམ་མེ་སྐྱོན་བྱུང་བའི་དབང་གིས་རྒྱ་ནག་གཞུང་གིས་འབྱུང་འགྱུར་རི་དེར་བསང་གསོལ་གཏོང་རྒྱུར་དམ་དྲག་བྱེད་སྲིད་པ་ས་གནས་བོད་མི་ཚོས་སེམས་འཚབ་བྱེད་བཞིན་འདུག
རྒྱ་ནག་གཞུང་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་དུ་ཆགས་པའི་བྲག་ཡིབ་ཆུས་སྤྲེལ་རི་ནི། རྒྱུན་དུ་ས་གནས་བོད་མི་ཚོས་བསང་གསོལ་གཏོང་ཡུལ་གྱི་གནས་རི་རྩ་ཆེ་ཞིག་ཡིན་ནའང་། ཉེ་ལམ་སྤྱི་ཟླ་༢པའི་ཚེས་༢༧ཉིན་གནས་རི་དེར་མེ་སྐྱོན་ཚབས་ཆེན་བྱུང་བའི་གནས་ཚུལ་ཐོན་ཞིང་། བོད་ནང་གནས་སྡོད་མིང་འབོད་གནང་འདོད་མེད་པའི་བོད་མི་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། ད་རེས་ཀྱི་མེ་སྐྱོན་དེས་མི་རྒྱུ་གཉིས་ཀར་གོད་ཆག་བྱུང་མེད་ཀྱང་། ཤིང་ནགས་ཀྱི་ཁེངས་པའི་གནས་རི་ལ་མེ་སྐྱོན་ཆེན་པོ་བྱུང་ཡོད་པ་ངོ་སྤྲོད་གནང་སོང་ལ། མེ་སྐྱོན་དེ་ནི་བསང་གསོལ་བཏང་བའི་དབང་གིས་བྱུང་བ་ཞིག་ཡིན་པ་འགྲེལ་བརྗོད་བྱེད་ཀྱི་འདུག་པས། རྒྱ་ནག་གཞུང་གིས་དེ་ལ་བརྟེན་ནས་འབྱུང་འགྱུར་ས་གནས་བོད་མི་ཚོས་རི་དེར་བསང་གསོལ་གཏོང་རྒྱུའི་ཐད་དམ་དྲག་བྱེད་སྲིད་པ་འདུག མ་ཟད་རྒྱ་ནག་གཞུང་གིས་ད་རེས་ཀྱི་མེ་སྐྱོན་གནས་ཚུལ་དེ་ལ་བརྟེན་ནས་བོད་ཀྱི་ས་ཁུལ་གཞན་ཁག་ཏུ་ཡང་བསང་གསོལ་གྱི་བྱེད་སྒོའི་ཁག་ལ་དམ་དྲག་བྱེད་སྲིད་པ་དང་། དེ་དང་ཕྱོགས་མཚུངས་རྒྱ་གཞུང་གིས་ཏོག་དབྱིབས་ནད་དུག་སྔོན་འགོག་དང་མཉམ་བོད་ཀྱི་དགོན་སྡེ་ཁག་མང་པོ་ཞིག་གི་ནང་མཆོད་མཇལ་དུ་འགྲོ་རྒྱུའི་ཐད་དམ་དྲག་བྱས་དང་བྱེད་མུས་ཡིན་པ་མ་ཟད། ལྷ་སའི་བར་སྐོར་གཡས་གཡོན་དུ་ད་དུང་ཡང་བསང་གསོལ་རིགས་གཏོང་ཆོག་གི་མེད་པ་འགྲེལ་བརྗོད་གནང་སོང་།
ཡང་རྒྱ་ནག་གཞུང་གིས་བྲག་ཡིབ་ཆུས་སྤྲེལ་རིའི་མེ་སྐྱོན་དོན་རྐྱེན་སྐོར་གནས་ཚུལ་སྤེལ་བའི་ནང་། མི་སྐྱོན་དེ་ནི་སྤྱི་ཟླ་༢པའི་ཚེས་༢༧ཉིན་གྱི་ཉིན་རྒྱབ་ཕྱག་ཚོད་༢དང་སྐར་མ་༢༠ཙམ་ལ་བྱུང་སྟེ། སྤྱི་ཟླ་༢པའི་ཚེས་༢༧གྱི་ཉིན་གྱི་དགོང་མོ་ཕྱག་ཚོད་༡༢ཙམ་ལ་མེ་ཡོངས་རྫོགས་བསད་ཟིན་ཡོད་པ་བརྗོད་འདུག
ཡང་འདི་གའི་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བོད་ནས་བོད་མི་ཞིག་གིས་མེ་སྐྱོན་དང་འབྲེལ་བའི་བརྙན་པར་ཞིག་བཏང་བའི་ནང་། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་སྤྲེལ་རི་ལ་མེ་སྐྱོན་ཆེན་པོ་བྱུང་བ་མཐོང་རྒྱུ་འདུག་ཅིང་། དེའི་ཐད་རྒྱ་གར་བྱང་ཕྱོགས་རྡ་རམ་ས་ལར་ཆགས་པའི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་ཀྱིས། སྤྱིར་ཀོང་པོ་ཉིང་ཁྲི་ས་ཁུལ་དེར་ཤིང་ནགས་ཧ་ཅང་གི་མཐུག་པོ་ཡོད་པའི་ཁར། ས་ཁུལ་དེར་དེ་སྔ་ཡང་མེ་སྐྱོན་གནས་ཚུལ་ལྷག་ཡོད་པས། རྒྱ་ནག་གཞུང་གིས་ཤིང་ནགས་ལ་མེ་སྐྱོན་ཤོར་པའི་རྒྱུ་རྐྱེན་ངོ་མ་དེ་བཙལ་ནས། འབྱུང་འགྱུར་དེ་ལྟར་མི་ཡོང་བའི་ཐབས་ལ་འབད་དགོས་པ་རེད། གནམ་གཤིས་འགྱུར་ལྡོག་ཕྱིན་པའི་དབང་གིས་ཉེ་བའི་ཆར་བོད་མཐོ་སྒང་ལ་མེ་སྐྱོན་གྱི་གནས་ཚུལ་མང་པོ་ཞིག་ལྷག་ཡོད་པ་དང་། ལྷག་པར་དུ་ཨ་མདོ་རྔ་བ་ས་ཁུལ་དང་། མདོ་ཁམས་དཀར་མཛེས་ས་ཁུལ། དེ་བཞིན་ཉིང་ཁྲི་ས་ཁུལ་སོགས་ཀྱི་ནང་ཤིང་ནགས་མང་པོ་ཡོད་པའི་དབང་གིས་མེ་སྐྱོན་གྱི་གནས་ཚུལ་ཡང་ཡང་ཡོང་བཞིན་ཡོད་པ་ནི་ཛ་དྲག་རང་བཞིན་ཞིག་ཡིན་པ་འགྲེལ་བརྗོད་གནང་ཡོད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།