རྒྱ་ནག་གི་ཉེན་རྟོག་པས་ཡུལ་སྐོར་སྣེ་ཤན་པ་པ་སངས་ནོར་བུ་ལགས་འཛིན་བཟུང་བྱས་འདུག

2022.03.14
Share on WhatsApp
Share on WhatsApp
རྒྱ་ནག་གི་ཉེན་རྟོག་པས་ཡུལ་སྐོར་སྣེ་ཤན་པ་པ་སངས་ནོར་བུ་ལགས་འཛིན་བཟུང་བྱས་འདུག གཞིས་ཀ་རྩེ་གམ་པ་རྫོང་རྒྱལ་རུས་གྲོང་བརྡལ།
བོད་འབྱོར།/RFA

དེ་ཡང་བཙན་བྱོལ་ནང་གནས་སྡོད་འབྲེལ་ཡོད་བོད་མི་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཕྱི་ཟླ་༣ཚེས་༡༡ཉིན་རྒྱ་ནག་གཞུང་གིས་བཅད་བགོས་བྱས་པའི་བོད་རང་སྐྱོང་ལྗོངས་གཞིས་ཀ་རྩེ་གམ་པ་རྫོང་རྒྱལ་རུས་གྲོང་བརྡལ་ནས་ཡིན་པ། བོད་རིགས་གཞོན་སྐྱེས་པ་སངས་ནོར་བུ་ཞུ་བ་ཞིག་གིས་ས་གནས་སུ་ཡུལ་སྐོར་སྣེ་ལེན་ཁང་ཞིག་ཆེད་འཛུགས་ཀྱིས། རྐང་འཁོར་གྱིས་ཡུལ་སྐོར་སྣེ་ཤན་གྱི་ལས་ཀ་བྱེད་བཞིན་པར་ས་གནས་འབྲེལ་ཡོད་ཚན་པས་རྐང་འཁོར་ཡུལ་སྐོར་སྣེ་ཤན་བྱེད་པ་ནི་བདེ་འཇགས་མིན་པ་དང་ཁྲིམས་འགལ་ཡིན་ཚུལ་བརྗོད་ནས། རྡུང་རྡེག་བཏང་སྟེ་འཛིན་བཟུང་བཙན་ཁྲིད་ཀྱིས་གར་སོང་ཆ་མེད་དུ་གྱུར་ཡོད་པ་དང་། པ་སངས་ནོར་བུ་ལགས་ཀྱིས་དེ་སྔོན་བོད་རང་སྐྱོང་ལྗོངས་ཡུལ་སྐོར་སྣེ་ལེན་ཞབས་ཞུ་ལས་ཁུངས་སུ་ཐོ་འགོད་བྱས་ཏེ། རྒྱ་སྒོར་༡༨༠༠༠སྤྲད་དེ་ཡུལ་སྐོར་སྣེ་ལེན་བྱ་ཆོག་པའི་ཆོག་མཆན་བླངས་ཡོད་ན་ཡང་། ས་གནས་ཉེན་རྟོག་པ་ཚོ་ཐེངས་གཉིས་ལ་རིམ་པ་བྱས་ཏེ་ཁོང་གི་ཡུལ་སྐོར་བྱེད་གནས་སུ་ཡོང་ནས། ཡུལ་སྐོར་སྣེ་ལེན་གྱི་ལས་ཀ་མཚམས་འཇོག་དགོས་པ་དང་། རྐང་འཁོར་གྱིས་ཡུལ་སྐོར་སྣེ་ལེན་ནི་ཉེན་ཁ་ཆེ་སྐོར་བརྗོད་པ་དང་། སྐབས་དེར་པ་སངས་ནོར་བུ་ལགས་ཀྱིས་ཉེན་རྟོག་པ་ཚོར་ཡུལ་སྐོར་སྣེ་ལེན་གྱི་ཡིག་ཆ་བསྟན་ཡོད་ན་ཡང་། ཉེན་རྟོག་པས་ངོས་ལེན་བྱས་མེད་པ་མ་ཟད་ཁྲིམས་འགལ་ཡིན་སྐོར་སོགས་བརྗོད་ཡོད་འདུག
སྤྱིར་རྒྱ་ནག་གཞུང་འབྲེལ་གྱི་ཆོག་མཆན་ཡིག་ཆ་ཡོད་པ་ཡིན་ན། ཡུལ་སྐོར་སྣེ་ལེན་གྱི་ལས་ཀ་བྱེད་ཆོག་པ་རྒྱ་ནག་གི་ཁྲིམས་ཐོག་ནས་གསལ་ཡོད་ན་ཡང་། རྒྱ་ནག་གཞུང་འབྲེལ་ངོས་ནས་དམིགས་བསལ་བོད་ནང་དུ་ཡུལ་སྐོར་སྤྲོད་འཆམ་པ་ཚོར་དམ་དྲག་བྱེད་བཞིན་པ་མ་ཟད། འདས་པའི་ལོ་ཤས་ནང་གཞུང་འབྲེལ་ངོས་ནས་ཆེད་གཏོང་བྱས་པ་མིན་པའི་སྒེར་གཉེར་ཡུལ་སྐོར་སྣེ་ཤན་པ་ཚོར་ཚོད་འཛིན་དང་ཡུལ་སྐོར་བ་ས་གནས་གང་སར་ཁྲིད་མི་བཅུག་པ་སོགས་ཀྱི་དམ་དྲག་བྱེད་བཞིན་ཡོད་པ་དང་། བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་པདྨ་རྒྱལ་ལགས་ནས་གནས་ཚུལ་དེ་བྱུང་ཡོད་པ་དངོས་ཡོད་ཡིན་ན་ཡང་ད་ལྟའི་ཆར་ཁོང་གཅིག་པུ་ཙམ་མ་ཡིན་པར། རྒྱ་ནག་གཞུང་གིས་དེང་སང་བོད་ནང་དུ་གཞུང་འབྲེལ་ཡུལ་སྐོར་སྣེ་ཤན་པ་མིན་པའི་སྒེར་གཉེར་བྱེད་མཁན་མང་པོར་ཉེས་མིང་སྣ་ཚོགས་གཡོག་སྟེ་འཛིན་བཟུང་བྱེད་བཞིན་ཡོད་སྐོར་བརྗོད་བྱུང་།
ཡང་གནས་ཚུལ་མཁོ་སྤྲོད་པས་འགྲེལ་བརྗོད་གནང་བ་ལྟར་ན། བོད་རིགས་ཡུལ་སྐོར་སྣེ་ཤན་པ་པ་སངས་ནོར་བུ་ལགས་ལོ་ན་༢༠་ནང་ཡིན་པ་དང་། ཁོང་གིས་དམའ་འབྲིང་སློབ་གྲྭ་བར་སློབ་སྦྱོང་བྱས་ཡོད་པ་དང་། ཁོང་ནི་ནམ་རྒྱུན་གྲོང་མི་ཕན་ཚུན་བར་འབྲེལ་ལམ་དང་ཀུན་སྤྱོད་ཧ་ཅང་ཡག་པོ་ཡོད་སྟབས། མི་ཚང་མས་སྔགས་བརྗོད་བྱེད་ཡུལ་གྱི་གཞོན་སྐྱེས་ཤིག་ཡིན་པ་དང་། རྗེས་སུ་ཁོང་གི་པ་ལགས་འདས་གྲོངས་སུ་སོང་བ་ནས་ནང་མའི་འཚོ་བའི་དཀའ་ངལ་རྐྱེན་པས་མུ་མཐུད་དུ་སློབ་གྲྭར་འགྲོ་ཐུབ་མེད་པ་དང་། པ་སངས་ནོར་བུ་ལགས་སུ་ཡུལ་སྐོར་སྣེ་ལེན་རྐང་འཁོར་བདུན་ཡོད་པ་དང་དེ་དག་ཚང་མ་སྤུས་ཀ་ཧ་ཅང་ཡག་པོ་རྐྱང་ཡིན་འདུག་པ་དང་། ཁོང་གི་ནང་མིའི་འཚོ་བ་ཡང་ཡུལ་སྐོར་སྣེ་ལེན་གྱི་ལས་ཀ་ལ་བརྟེན་ཡོད་འདུག ད་ལྟ་ཁོང་ལ་ཤུལ་དུ་ཨ་མ་མཚམས་གཅོད་དང་། ས་གནས་སུ་སློབ་གྲྭར་འགྲོ་བཞིན་པའི་ལོ་ན་༡༣ཅན་གྱི་གཅུང་མོ་ཆོས་སྒྲོན་ཞུ་བ་བཅས་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་སྤོལ་འགྲན་བསྡུར་ཐེངས་༢༧ པ་མཇུག་བསྒྲིལ་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།