ལ་དྭགས་ཡུལ་དུ་ད་ལྟའི་བོད་ནང་གི་གནས་སྟངས་དངོས་མཚོན་པའི་པར་རིས་འགྲེམས་སྟོན་གནང་འདུག
ལ་དྭགས་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་ས་གནས་བོད་རང་བཙན་སློབ་ཕྲུག་ཚོགས་པ་གཉིས་ཀྱིས་རྒྱལ་ས་གླེ་རུ་ད་ལྟའི་བོད་ནང་གི་གནས་སྟངས་དངོས་མཚོན་པའི་པར་རིས་འགྲེམས་སྟོན་དང་བོད་ནང་གི་གནས་སྟངས་ངོ་སྤྲོད་གནང་བའི་ལས་འགུལ་སྤེལ་འདུག
ད་ལྟའི་བོད་ནང་གི་གནས་སྟངས་ལ་དམིགས་ཏེ་ཉེ་ཆར་རྒྱ་ནག་གཞུང་གིས་བོད་མདོ་སྨད་མགོ་ལོག་རྭ་རྒྱར་ཡོད་པའི་གངས་ལྗོངས་ཤེས་རིག་ནོར་བུའི་གླིང་སློབ་གྲྭ་བཙན་གྱིས་སྒོ་རྒྱག་ཏུ་བཅུག་པ་དང་། རྒྱ་ནག་གཞུང་གིས་བཙུགས་པའི་བོད་ནང་གི་བཅའ་སྡོད་སློབ་གྲྭ། ཡང་བོད་དོན་ཆེད་སྐུ་ལུས་མེ་སྲེག་བཏང་བའི་གནས་ཚུལ་སོགས་དང་འབྲེལ་ལ་དྭགས་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་ལ་དྭགས་ས་གནས་བོད་རང་བཙན་སློབ་ཕྲུག་ཚོགས་པ་གཉིས་ཟུང་འབྲེལ་ཐོག་འདི་ཚེས་༢༦ཉིན་ལ་དྭགས་ཀྱི་རྒྱལ་ས་གླེ་ཁྲོམ་གཞུང་དུ་ད་ལྟའི་བོད་ནང་གི་གནས་སྟངས་དངོས་མཚོན་པའི་པར་རིས་འགྲེམས་སྟོན་གནང་སོང་།
དེའི་ཐད་ལ་དྭགས་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་བློ་བཟང་ཚེ་རིང་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ས་གནས་གསར་འགོད་པར། ད་རེས་ད་ལྟའི་བོད་ནང་གི་གནས་སྟངས་དངོས་མཚོན་པའི་པར་རིས་འགྲེམས་སྟོན་དེ་བརྒྱུད་ལ་དྭགས་ཡུལ་མི་དང་ཡུལ་སྐོར་སྤྲོ་འཆམ་པ་སོགས་ལ་བོད་ནང་གིི་གནས་སྟངས་ངོ་སྤྲོད་དང་། ལྷག་པར་དུ་གངས་ལྗོངས་ཤེས་རིག་ནོར་བུའི་གླིང་སྒོ་རྒྱག་དགོས་བྱུང་བའི་གནས་ཚུལ་དེ་ཉེ་ཆར་ཡིན་པར་བརྟེན་མི་མང་པོ་ཞིག་གིས་ཤེས་རྟོགས་བྱུང་མེད་པ་བཅས་ལ་བརྟེན་པར་རིས་འགྲེམས་སྟོན་དང་གནས་ཚུལ་ངོ་སྤྲོད་བྱེད་བཞིན་པ་དང་། བོད་ནང་གི་གནས་སྟངས་རྒྱལ་སྤྱིའི་ནང་ཁྱབ་སྤེལ་བྱེད་རྒྱུ་ང་ཚོའི་ལས་འགན་ཡིན་པ་གསུངས་བྱུང་།
ཡང་ལ་དྭགས་ས་གནས་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་བསྟན་འཛིན་རིན་ཆེན་ལགས་ཀྱིས། ད་རེས་འགྲེམས་སྟོན་སྐབས་ཕྱི་རྒྱལ་ཡུལ་སྐོར་བ་ཁག་ཅིག་ལ་པར་རིས་དང་མཉམ་བོད་ནང་གི་གནས་སྟངས་ངོ་སྤྲོད་བྱེད་རྒྱུ་བྱུང་། ཁ་ཤས་ཀྱིས་བོད་ནང་གི་གནས་སྟངས་དང་གནས་ཚུལ་ཤེས་ཀྱི་མི་འདུག ངོ་སྤྲོད་སྐབས་ཁོང་ཚོས་དོ་སྣང་ཆེན་པོ་གནང་སོང་ལ་མ་འོངས་བར་བོད་དང་བོད་ནང་གི་གནས་སྟངས་ཐད་དོ་སྣང་ཆེན་པོ་གནང་རྒྱུ་ཡིན་པ་གསུངས་བྱུང་ཅེས་ངོ་སྤྲོད་གནང་བྱུང་།
པར་རིས་འགྲེམས་སྟོན་ལ་གཟིགས་མཁན་ཁག་ཅིག་ལ་བཅར་འདྲི་བྱས་སྐབས། སྐུ་ཞབས་(Abdul Jelel Razi)ལགས་ཀྱིས། ང་རང་ལྷ་ས་ཁ་ཆེ་པ་ཞིག་ཡིན་པའི་ཆ་ནས་བོད་ནང་གི་གནས་སྟངས་ཤེས་རྟོགས་ཡོང་རྒྱུ་གལ་ཆེན་པོ་རེད། པར་རིས་འགྲེམས་སྟོན་འདི་རིགས་ཡག་པོ་འདུག རྒྱ་ནག་གཞུང་གིས་བོད་ནང་གི་སློབ་གྲྭ་དེ་འདྲ་སྒོ་བརྒྱབ་པ་སེམས་པ་སྐྱོ་བོ་བྱུང་ཅེས་དང་། ཡང་ལ་དྭགས་ཟངས་དཀར་ཡུལ་ནས་ཡིན་པ་ཚེ་རིང་དོན་གྲུབ་ལགས་ཀྱིས། བོད་ནང་རྒྱ་ནག་གི་སྟངས་འཛིན་འོག་སྐྱིད་པོ་མེད་པ་གསར་ལམ་སོགས་བརྒྱུད་གོ་མྱོང་། ང་ཚོའི་ནང་པའི་ཤེས་རིག་མེད་པ་བཟོ་བཞིན་པ་དེ་རྒྱ་ནག་གི་ཇུས་ངན་རེད་ཅེས་སྐྱོན་བརྗོད་གནང་སོང་།
པར་རིས་འགྲེམས་སྟོན་སྐབས་གོ་སྒྲིག་གནང་མཁན་ཚོགས་པ་གཉིས་ཀྱི་འབྲེལ་ཡོད་རྣམ་པས་པར་རིས་གཟིགས་མཁན་རྣམས་ལ་པར་རིས་ཁག་རེ་རེ་བཞིན་ངོ་སྤྲོད་དང་འགྲེལ་བརྗོད་གནང་སྐབས་ཁག་ཅིག་སེམས་སྐྱོ་ནས་མིག་ཆུ་ཤོར་མཁན་ཡང་མཐོང་རྒྱུ་འདུག
གསར་འགོད་པ། འཕྲིན་ལས་ཆོས་སྒྲོན།
རྩོམ་སྒྲིག་པ། བསྟན་འཛིན་བདེ་སྐྱིད།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།