བོད་ཀྱི་ས་ཁུལ་གང་སར་རྒྱ་ནག་དམར་ཤོག་ཚོགས་པའི་ལོ་རྒྱུས་ཀྱི་སློབ་གསོའི་ལས་འགུལ་ཤུགས་ཆེར་སྤེལ་བཞིན་འདུག

2021-05-19
Share
བོད་ཀྱི་ས་ཁུལ་གང་སར་རྒྱ་ནག་དམར་ཤོག་ཚོགས་པའི་ལོ་རྒྱུས་ཀྱི་སློབ་གསོའི་ལས་འགུལ་ཤུགས་ཆེར་སྤེལ་བཞིན་འདུག མགོ་ལོག་དར་ལག་ཕྱོགས་སུ་དབྱར་རྩ་བརྐོ་སར་རྒྱ་ནག་དམར་ཤོག་ཚོགས་པའི་ལོ་རྒྱུས་ཀྱི་སློབ་གསོའི་ལས་འགུལ་སྤེལ་བ། ༥།༢༠༢༡
བོད་འབྱོར།

བོད་མདོ་དབུས་ཁམས་གསུམ་གྱི་ས་ཁུལ་མང་པོའི་ནང་རྒྱ་ནག་དམར་ཤོག་ཚོགས་པའི་ལོ་རྒྱུས་ཀྱི་སློབ་གསོ་སྤེལ་བཞིན་པ་དང་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་མི་གྲངས་ལྔ་འབུམ་ལྔ་ཁྲི་ལྷག་སློབ་གསོའི་ལས་འགུལ་དེའི་ནང་ཞུགས་བཅུག་འདུག
བོད་ཀྱི་ས་ཁུལ་ཁག་ནང་ལས་བྱེད་པ་དང་སློབ་ཕྲུག ཞིང་འབྲོག་མི་སེར་དང་། དགོན་སྡེ། དེ་བཞིན་སྡེ་ཚན་འདྲ་མིན་གྱི་མི་སྣ་འདུ་སྐོང་གིས་རྒྱ་ནག་དམར་ཤོག་ཚོགས་པའི་བཀའ་དྲིན་དྲན་དགོས་པ་དང་། རྒྱ་ནག་དམར་ཤོག་གི་ལྟ་བའི་སློབ་གསོ་དང་འབྲེལ་བའི་གཏམ་བཤད་དང་ཞིབ་འཇུག་ཚོགས་འདུ། དེ་བཞིན་ཆེད་མངགས་ཟུར་ཁྲིད་བྱས་པ་སོགས་ཁྱོན་བོད་རང་སྐྱོང་ལྗོངས་ཟེར་བ་གཅིག་པུའི་ནང་ཚོགས་ཐེངས་གསུམ་སྟོང་ལྷག་གི་ཐོག་ལས་འགུལ་དེ་དག་སྤེལ་འདུག་པ་དང་། གཞི་རིམ་གྱི་དྲིལ་བསྒྲགས་སློབ་གསོ་སྤེལ་མཁན་མི་སྣ་གཅིག་ཁྲི་ཆིག་སྟོང་ལྷག་ཙམ་གྱིས་ཁྱབ་ཁོངས་འདྲ་མིན་ནང་དྲིལ་བསྒྲགས་གཏམ་བཤད་ཁྱོན་བསྡོམས་གཅིག་ཁྲི་ཆིག་སྟོང་ལྔ་བརྒྱ་ལྷག་ཙམ་གཉེར་འདུག བོད་རང་སྐྱོང་ལྗོངས་ཟེར་བའི་ནང་གི་དམར་ཤོག་ཚོགས་པའི་ཚོགས་མི་དང་ལས་བྱེད་གསུམ་ཁྲི་ལྔ་སྟོང་ཙམ་ས་ཁུལ་འདྲ་མིན་ནང་མངགས་གཏོང་བྱས་ཏེ། ཁྱོན་མི་གྲངས་ལྔ་འབུམ་ལྔ་ཁྲི་ལྷག་ལ་དྲིལ་བསྒྲགས་སློབ་གསོའི་ལས་འགུལ་སྤེལ་ཡོད་པ་རྒྱ་ནག་གི་གཞུང་འབྲེལ་བརྒྱུད་ལམ་ཐོག་གནས་ཚུལ་སྤེལ་འདུག
རྒྱ་ནག་དམར་ཤོག་ཚོགས་པའི་ལྟ་བའི་དྲིལ་བསྒྲགས་སློབ་གསོའི་ལས་དོན་དེ་དག་གི་སྐབས། དགའ་ལྡན་ཕོ་བྲང་གཞུང་ལ་དམའ་འབེབས་དང་། རྒྱ་ནག་གིས་བོད་བཙན་བཟུང་བྱས་རྗེས་ཧ་ལས་པའི་ཡར་རྒྱས་དང་བདེ་སྐྱིད་བསྐྲུན་ཡོད་ལུགས་སོགས་ཀྱི་གཏམ་བཤད་དྲིལ་བསྒྲགས་སྣ་ཚོགས་ཤིག་བྱེད་ཀྱི་ཡོད་འདུག དེ་བཞིན་རྒྱ་ནག་གིས་དམག་དཔུང་བཏང་སྟེ་བོད་བཙན་བཟུང་བྱས་པ་དེ་ལུགས་མཐུན་ཅན་ཡིན་ལུགས་དྲིལ་བསྒྲགས་བྱས་པ་དང་། རྒྱལ་གཅེས་ཀྱི་སློབ་གསོ་སྤྲད་པ། དེ་བཞིན་འདས་པའི་ལོ་ངོ་དྲུག་བཅུ་ལྷག་དྲིལ་བསྒྲགས་ཟམ་མི་ཆད་པ་བྱེད་བཞིན་པའི་་ཡར་ལངས་ཞིང་བྲན་ཁྲི་མཚོ་བརྒྱར་བཅིངས་འགྲོལ་ཐོབ་ལུགས་ཟེར་བ་སོགས་བརྒྱུད་བསྒྲགས་ཤུགས་ཆེ་བྱེད་བཞིན་ཡོད་འདུག
གནད་དོན་དབྱེ་ཞིབ་པ་ཚོས་འདི་དག་ནི། བོད་པའི་མི་རབས་གསར་པ་ཚོའི་སེམས་ནང་རྒྱ་ནག་གིས་བོད་བཙན་བཟུང་བྱས་པ་དེ་ལུགས་མཐུན་ཡིན་པར་ཡིད་ཆེས་སླེབས་ཐབས་ཀྱི་འཆར་གཞི་དང་དམིགས་ཡུལ་ངེས་ཅན་ལྡན་པའི་རྒྱ་ནག་གཞུང་གིས་བོད་ཐོག་བཟུང་བའི་སྲིད་བྱུས་ཀྱི་ཆ་ཤས་གལ་ཆེ་ཞིག་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད་པ་རེད།
རྒྱ་ནག་གཞུང་གིས། བོད་ཀྱི་ཐུན་མོང་མ་ཡིན་པའི་ནང་པ་སངས་རྒྱས་པའི་སྲོལ་རྒྱུན་ལ་རྩིས་མེད་ཀྱིས། བོད་ཟླ་བཞི་པ་ས་ག་ཟླ་བའི་སྐབས་འདིར་ལས་འགུལ་དེ་དག་དེ་བས་གཞི་རྒྱ་ཆེ་བ་དང་གཏིང་ཟབ་ཏུ་བཏང་སྟེ་སྤེལ་བཞིན་ཡོད་འདུག
དཔེར་ན། ས་ག་ཟླ་བའི་ཚེས་༢་ཕྱི་ཟླ་༥་ཚེས་༡༣་ཉིན་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེ་ཝུ་དབྱིན་ཇེས་བོད་ཀྱི་ཤེས་ལྡན་པ་གསོ་སྐྱོང་བྱ་ཡུལ་བོད་ལྗོངས་སློབ་གྲྭ་ཆེན་མོར་ཆེད་མངགས་སྐྱོད་དེ་གུང་ཁྲན་དམར་ཤོག་ཚོགས་པའི་ལོ་རྒྱུས་ལ་སློབ་སྦྱོང་བྱེད་དགོས་པ་དང་ཡིད་ཆེས་བརྟན་པོ་དགོས་པ། དམར་ཤོག་ཚོགས་པའི་རྗེས་སུ་འབྲངས་པ་ཟེར་བའི་བརྗོད་གཞིའི་ཐོག་གཏམ་བཤད་སློབ་གསོ་བྱས་འདུག
ཡང་བོད་ཀྱི་ནག་ཆུ་ཁུལ་དུ་མཚོན་ན། དམར་པོའི་རྗེས་ཤུལ་འཚོལ་ཞིང་། དམར་པོའི་ཁྲག་རྒྱུད་འཛིན་ཏེ་བོད་སྐྱོད་དམག་སྡེ་ཨང་བཅོ་བརྒྱད་པ་བོད་ནང་སྐྱོད་པའི་ལམ་ཐིག་ཐོག་བསྐྱར་དུ་བསྐྱོད་པ་ཟེར་བའི་འབོད་ཚིག་གི་ཐོག་ནས་སློབ་གསོའི་ལས་འགུལ་དེ་སྤེལ་བཞིན་འདུག་པར་མ་ཟད། ནག་ཆུ་ཁུལ་དུ་ཐ་ན་མང་ཚོགས་སྒེར་གྱི་ཁྱིམ་དུ་སོང་ནས་དམར་པོའི་སློབ་གསོ་སྤེལ་གྱི་ཡོད་འདུག

f41de40c-e4ba-417c-bfba-e33c7e31335e.JPG
ཀོང་པོ་ཕྱོགས་སུ། པར་ཁུངས། རྒྱ་ནག་གཞུང་འབྲེལ།


དེ་བཞིན་ཆབ་མདོ་ཁུལ་དུ་མཚོན་ན། སློབ་ཆུང་ཁག་གི་བྱིས་པ་ཚོར་ཡང་རྒྱ་ནག་དམར་ཤོག་ཚོགས་པར་དགའ་ཞེན་དང་དམར་པོའི་སློབ་གསོ་སྤྲོད་བཞིན་ཡོད་པ་མཐོང་རྒྱུ་འདུག་ལ། ཀོང་པོ་ཁུལ་དུ་ཡང་རྒྱ་ནག་གི་དམར་པོའི་ལྟ་བར་བསྔགས་བརྗོད་ཀྱི་གླུ་གཞས་གཏོང་བཅུག་པ་དང་། རྒྱ་ནག་གི་དམག་མི་དང་བོད་མིའི་དབར་འབྲེལ་ཡག་པོ་ཡོད་པའི་རྣམ་པ་མངོན་ཐབས་ཀྱི་བརྙན་པར་སོགས་འགྲེམ་སྤེལ་གྱིས་དམར་པོའི་དྲིལ་བསྒྲགས་བྱེད་བཞིན་འདུག
དེ་མཚུངས་ལྷོ་ཁ་དང་གཞིས་ཀ་རྩེ་སོགས་ཀྱི་ས་གནས་ཁག་གི་ནང་ཡང་དེ་མཚུངས་ལས་འགུལ་དེ་སྤེལ་བར་མ་ཟད། བོད་དང་རྒྱ་གར་ས་མཚམས་ཀྱི་ཐག་ཉེའི་བོད་ཀྱི་ས་ཁུལ་ལྷུན་རྩེ་རྫོང་གི་ནང་ཡང་ལས་འགུལ་དེ་སྤེལ་འདུག

573a8da9-6603-4f45-b90a-5198c36f90d9.JPG
གཞི་རྩེ་རྣམ་གླིང་རྫོང་དུ། པར་ཁུངས། རྒྱ་ནག་གཞུང་འབྲེལ།


བོད་ཀྱི་དགོན་སྡེ་ཁག་ལ་སྟངས་འཛིན་བྱེད་ཆེད་བཙུགས་པའི་དགོན་པའི་ལས་དོན་རུ་ཁག་ཟེར་བ་དེ་དག་གིས་ཀྱང་། དགོན་པའི་ནང་རྒྱ་ནག་དམར་ཤོག་གི་ལྟ་བའི་སློབ་གསོ་སྤྲོད་བཞིན་འདུག དཔེར་ན། བོད་ཀྱི་རྒྱལ་ས་ལྷ་སའི་ཉེ་འགྲམ་སེ་རྭ་དགོན་དུ་ཡང་དམར་ཤོག་གི་ལྟ་བའི་སློབ་གསོ་རྒྱས་སྤྲོས་ཆེན་པོས་སྤེལ་འདུག
ལས་འགུལ་འདི་དག་ནི་བོད་རང་སྐྱོང་ལྗོངས་ཟེར་བ་གཅིག་པུར་མ་ཡིན་པར་བོད་ཀྱི་ས་ཁུལ་གཞན་ནང་ཡང་སྤེལ་བཞིན་པ་དཔེར་ན། དཀར་མཛེས་ཁུལ་རྟའུ་རྫོང་གི་ས་ཁུལ་ཁག་མང་པོའི་ནང་རྒྱ་ནག་གི་ཆེས་མཐོའི་ལས་བྱེད་པ་བསྐྱོད་དེ་ལས་འགུལ་སྤེལ་བཞིན་འདུག་ལ། ཨ་མདོ་མགོ་ལོག་པད་མ་རྫོང་ནང་གི་སྡེ་པ་༣༤འི་ནང་དམར་ཤོག་ཚོགས་པའི་ལོ་རྒྱུས་ལ་སློབ་གསོ་སྤྲོད་པའི་ལས་འགུལ་དེ་སྤེལ་འདུག
ཡང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། དེང་སྐབས་ནི་བོད་ཀྱི་ས་ཁུལ་མང་པོའི་ནང་དབྱར་རྩ་དགུན་འབུ་འཐུ་བཞིན་པའི་སྐབས་ཡིན་ཞིང་། ཨ་མདོ་མཚོ་སྔོན་ཞིང་ཆེན་ཁོངས་མགོ་ལོག་དར་ལག་རྫོང་གི་དབྱར་རྩ་དགུན་འབུ་འཐུ་སའི་ལམ་དུ་རྒྱ་ནག་གི་དྲག་ཆས་ཉེན་རྟོག་པ་ལ་སོགས་པ་བདེ་འཇགས་མི་སྣ་ཆེད་སྐྱོད་ཀྱིས་དམ་དྲག་དང་དབྱར་རྩ་དགུན་འབུ་འཐུ་བར་འགྲོ་མཁན་བོད་མི་དེ་དག་གི་ལག་ཏུ་རྒྱ་ནག་གི་རྒྱལ་དར་བཟུང་བཅུག་པ་དང། དམར་ཤོག་ཚོགས་པའི་ལོ་རྒྱུས་སློབ་གསོའི་ལས་འགུལ་ནང་ཞུགས་བཅུག་འདུག
རྒྱ་ནག་གཞུང་འབྲེལ་གྱི་བརྒྱུད་ལམ་ཐོག་དེ་ནི་དབྱར་རྩྭ་དགུན་འབུ་འཐུ་སྐབས་ཀྱི་སྤྱོད་ངན་འགོག་ཐབས་དང་སྤྱི་ཚོགས་བདེ་འཇགས་དོ་དམ་ཆེད་ཡིན་ལུགས་བརྗོད་འདུག
བོད་ནང་གི་བོད་མི་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ད་ཆ་བོད་ས་ཡོངས་རྫོགས་རྒྱ་ནག་དམར་པོའི་ལྟ་བ་སློབ་སྦྱོང་བྱེད་ཡུལ་གྱི་སློབ་གྲྭ་ཆེན་པོ་ཞིག་བཟོ་བཞིན་ཡོད་པ་སེམས་འཚབ་དང་བཅས་རང་ཉིད་ཀྱི་སེམས་ཚོར་བརྗོད་བྱུང་།

0c2e0726-c118-4cae-8760-08f7c31808f9.JPG
སེ་ར་དགོན་དུ། པར་ཁུངས། རྒྱ་ནག་གཞུང་འབྲེལ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།