ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པས་བོད་མིའི་གནས་སྟངས་ལ་རྒྱུས་ལོན་བྱེད་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་གསུངས་འདུག

2022.05.19
Share on WhatsApp
Share on WhatsApp
ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པས་བོད་མིའི་གནས་སྟངས་ལ་རྒྱུས་ལོན་བྱེད་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་གསུངས་འདུག ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་ཨུཛ་ར་ཛི་ཡ་(Uzra Zeya)་མཆོག་གིས་རྡ་སྟེང་བོད་ཁྱིམ་སློབ་གྲྭར་འཚམས་གཟིགས་གནང་སྐབས། ༠༥།༡༩།༢༠༢༢
All photo @tibet.net

ཨ་མི་རི་ཀའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་ཨུཛ་ར་ཛི་ཡ་(Uzra Zeya)་མཆོག་གིས་བཞུགས་སྒར་རྡ་རམ་ས་ལར་གཞུང་འབྲེལ་འཚམས་གཟིགས་ཀྱི་ཉིན་མཐའ་མ་འདི་ཚེས་༡༩ཉིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་གྲུབ་པའི་རྗེས། བཞུགས་སྒར་རྡ་རམ་ས་ལར་ཡོད་པའི་རྡ་སྟེང་བོད་ཁྱིམ་སློབ་གྲྭར་འཚམས་གཟིགས་གནང་ཞིང་། ཁོང་གིས། ཨ་མི་རི་ཀའི་ངོས་ནས་ལོ་མང་རིང་བོད་ཕྲུག་ཚོའི་ཤེས་ཡོན་ཆེད་དུ་རོགས་སྐྱོར་གནང་བར་ངོས་རང་སྤོབས་པ་ཡོད་ལ། འབྱུང་འགྱུར་ཡང་མུ་མཐུད་བོད་ཕྲུག་ཚོའི་ཤེས་ཡོན་ཆེད་དུ་རྒྱབ་སྐྱོར་བྱེད་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པ་གསུངས་པ་དང་། ཁོང་ད་རེས་རྡ་རམ་ས་ལར་བཅར་ནས་བོད་མིའི་གནས་སྟངས་ལ་རྒྱུས་ལོན་བྱེད་རྒྱུ་བྱུང་བར་ཧ་ཅང་གི་དགའ་པོ་བྱུང་ཞེས་གསུངས་འདུག
ཨ་རིའི་གཞུང་གི་བོད་དོན་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་པ་རྡ་སྟེང་བོད་ཕྲུག་ཁྱིམ་སྡེར་འཚམས་སུ་ཕེབས་པའི་སྐབས། དགེ་ལས་སློབ་ཕྲུག་ཚོས་ལག་ཏུ་ཨ་རི་དང་བོད། རྒྱ་གར་བཅས་ཀྱི་རྒྱལ་དར་བཟུང་བ་དང་། མེ་ཏོག་དང་ཁ་བཏགས་བཟུང་སྟེ་དགའ་བསུའི་ཕེབས་བསུ་ཞུས་ཤིང་། དམིགས་བསལ་སྐུ་ཚབ་མཆོག་ནས་ཀྱང་སློབ་ཕྲུག་ཚོར་བསུ་ལན་དང་འདྲ་པར་བླངས་པ་སོགས་གནང་ཡོད་པ་རེད། ཁོང་གིས་རྡ་སྟེང་བོད་ཁྱིམ་སློབ་གྲྭའི་བདེ་སྐྱིད་ཚེ་རིང་ཚོགས་ཁང་གི་ནང་སློབ་ཕྲུག་ཚོར་བཀའ་སློབ་གནང་པ་དང་། བཀའ་སློབ་གྲུབ་རྗེས་སྤྱི་ཚོགས་ཚན་རིག་གི་དགེ་རྒན་བསྟན་འཛིན་དབང་ཕྱུག་ལགས་ཀྱིས། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། ཨ་མི་རི་ཀའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་འདིར་ཕེབས་པ་ཙམ་གྱི་བོད་དོན་ཁྱབ་བསྒྲགས་ལ་ཕན་ཐོགས་ཡོད་པ་མ་ཟད། ཁོང་སྒེར་ལ་ཡང་སེམས་ཤུགས་འཕར་མ་ཞིག་སྐྱེས་བྱུང་ཞེས་འགྲེལ་བརྗོད་གནང་བྱུང་།

Uzra Zeya TCV1.jpg
ཡང་རྡ་སྟེང་བོད་ཁྱིམ་སློབ་གྲྭའི་ཚན་རིག་དགེ་རྒན་ལྷུན་གྲུབ་རྣམ་རྒྱལ་ལགས་ཀྱིས། ལྕམ་ཨུཛ་ར་ཛི་ཡ་འདིར་ཕེབས་པར་བརྟེན་ནས། སློབ་གྲྭ་འདི་ཙམ་མིན་པར། དམིགས་བསལ་སྐུ་ཚབ་ཀྱི་ངོས་ནས་བཙན་བྱོལ་བོད་མིའི་གནས་སྟངས་ཁག་རྒྱུས་ལོན་ཐུབ་པའི་རེ་བ་ཡོད་ལ། འབྲེལ་ཡོད་བོད་མིའི་འགོ་ཁྲིད་ཚོས་ཀྱང་ང་ཚོའི་དཀའ་ངལ་ཁག་ཁོང་ལ་ཐད་ཀར་ཞུ་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་པ་གསུངས་བྱུང་།
ལྕམ་ཨུཛ་ར་ཛི་ཡ་མཆོག་གིས་རྡ་སྟེང་བོད་ཁྱིམ་སློབ་གྲྭར་འཚམས་གཟིགས་གྲུབ་པའི་རྗེས། ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་ལགས་དང་ལྷན་དུ་ཨ་མི་རི་ཀའི་རོགས་ཚོགས་ཀྱི་སློབ་ཡོན་ཐོབ་པའི་གཞོན་སྐྱེས་ཁག་ཅིག་དང་ལྷན་དུ་བགྲོ་གླེང་གནང་ཡོད་པ་དང་། དེའི་ནང་ཉེ་ཆར་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་སུད་སིའི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་བྱུང་བ་འཕྲིན་ལས་ཆོས་སྐྱིད་ལགས་མཉམ་ཞུགས་གནང་འདུག་ཅིང་། ཁོང་ནི་ཨ་རིའི་གཞུང་གི་སློབ་ཡོན་ཐོབ་ནས་ཨ་རིའི་ཧ་ཝར་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་རྒྱལ་སྤྱིའི་ཁྲིམས་ཀྱི་ཐོག་སློབ་གཉེར་གནང་ཡོད་པ་རེད།
ཚོགས་འདུ་དེའི་སྐབས་ལྕམ་ཨུཛ་ར་ཛི་ཡ་མཆོག་གིས་ཨ་མི་རི་ཀའི་རོགས་ཚོགས་ཀྱི་ངོས་ནས་མ་འོངས་པར་བོད་ཕྲུག་ཚོའི་སློབ་ཡོན་འཕར་སྣོན་བྱ་རྒྱུ་ཡིན་པ་ཞལ་བཞེས་གནང་འདུག

Uzra Zeya norling.jpg
ཕྱི་དྲོ་བཞུགས་སྒར་ཉེ་འདབས་སུ་ཆགས་པའི་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དང་རྒྱུད་སྟོད་གྲྭ་ཚང་བཅས་སུ་གཟིགས་སྐོར་དུ་ཕེབས་ཤིང་། ཨ་རིའི་བོད་དོན་དོན་འབྲེལ་མཐུད་པ་དབུས་པའི་ཨ་རིའི་གཞུང་གི་སྐུ་ཚབ་རྣམ་པར་བཙན་བྱོལ་བོད་མི་དམངས་སྤྱི་འཐུས་ལྷན་ཁང་གི་ངོས་ནས་གཞུང་འབྲེལ་གསོལ་སྟོན་གཤམ་ཡོད་པ་རེད། མཛད་རིམ་ལྟར་ན། ཚེས་༢༠ཉིན་གྱི་ཞོགས་པ་མཁའ་ལམ་བརྒྱུད་ལྡི་ལིར་ཕེབས་ཐོན་གནང་རྒྱུ་ཡིན་འདུག

གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།