རྒྱ་ནག་གི་ཉེན་རྟོག་པས་བོད་ཀྱི་ས་ཁུལ་འདྲ་མིན་ནས་བོད་མི་ཁ་ཤས་འཛིན་བཟུང་བྱས་ཡོད་འདུག

2022.05.05
Share on WhatsApp
Share on WhatsApp
རྒྱ་ནག་གི་ཉེན་རྟོག་པས་བོད་ཀྱི་ས་ཁུལ་འདྲ་མིན་ནས་བོད་མི་ཁ་ཤས་འཛིན་བཟུང་བྱས་ཡོད་འདུག ཁྲིན་ཏུའུ་གྲོང་ཁྱེར་གྱི་ཁྲོམ་ལམ་དུ་བོད་མི་ཞིག་གིས་ཁ་པར་སྤྱོད་བཞིན་སར་ཉེན་རྟོག་པའི་རླངས་འཁོར་མཐོང་རྒྱུ་ཡོད་པ། ༠༢།༠༧།༢༠༢༢
AP

དེ་ཡང་དབྱིན་ཡུལ་ལོན་ཊོན་གྱི་བོད་རང་དབང་(Free Tibe)་ཚོགས་པས་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་ནག་གིས་ཆ་བགོས་བྱས་བའི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་དུ་ཚོང་ལས་གཉེར་མཁན་ལོ་ན་༢༤ཡིན་པ་པ་སངས་ཞུ་བས། སྐད་འཕྲིན་ཚོགས་པ་ཞིག་གི་ནང་དྲ་ལམ་དུ་བོད་ཀྱི་སྐད་ཡིག་བཀག་སྡོམ་ཐད་སྐྱོན་བརྗོད་དང་། བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཐད་རྒྱབ་སྐྱོར་གྱི་གནས་ཚུལ་སྤེལ་ནས་རིང་པོ་མ་སོང་བར་ཉིན་དེའི་མཚན་དཀྱིལ་དུ་ཁོང་རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་བྱས་ནས། དར་ལག་ཉེན་རྟོག་ཁང་དུ་ཉིན་གྲངས་༡༥རིང་བཀག་ཉར་འདྲི་རྩད་བྱས་རྗེས་ཟི་ལིང་གྲོང་ཁྱེར་དུ་ཁྲིད་ཡོད་ཀྱང་ད་ལྟ་ཁོང་གང་དུ་ཡོད་མེད་སོགས་ཁོང་གི་ནང་མི་ཚོས་ཀྱང་ཤེས་རྟོགས་མེད་པ་རེད་འདུག
དེའི་སྔོན་འདི་ལོའི་ཕྱི་ཟླ་དང་པོའི་ཚེས་༢༠ཉིན་ས་གནས་རྒྱ་ནག་དམག་ཤོག་ཚོགས་པའི་འགོ་ཁྲིད་ཧྲན་ཁྲུན་ཡའོ་ཟེར་བས་གྲངས་ཉུང་མི་རིགས་སློབ་གྲྭའི་ནང་རང་སྐད་ཡིག་གི་སློབ་ཁྲིད་མི་ཆོག་པར་རྒྱའི་སྐད་ཡིག་གི་ལམ་ནས་སློབ་ཁྲིད་བྱ་དགོས་པའི་བཙན་བཀའ་བཏང་རྗེས་དེར་མི་འདོད་པའི་རྣམ་འགྱུར་སྟོན་མཁན་དང་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ལས་འགུལ་སྤེལ་མཁན་མི་ཉུང་བ་འཛིན་བཟུང་བཀག་ཉར་བྱས་པ་གནས་ཚུལ་ནང་འཁོད་འདུག
རྩ་བའི་རྒྱ་ནག་གཞུང་གིས་བོད་ཀྱི་སྐད་ཡིག་བེད་སྤྱོད་རང་དབང་ཐོབ་ཐང་ཡོད་ལུགས་ཁྲིམས་ཡིག་སོགས་ཀྱི་ནང་འཁོད་ཡོད་པ་རེད།
གཞན་དབྱིན་ཡུལ་དུ་ཡོད་པའི་བོད་གནས་ལྟ་ཞིབ་ཁང་གིས་གནས་ཚུལ་སྤེལ་བ་ལ་གཞིགས་ན། ཉེ་སྔོན་སྤྱི་ཟླ་༤པའི་ཚེས་༡༧ཉིན་དཀར་མཛེས་ཁུལ་བརྒྱད་སར་རྫོང་ནང་གནས་སྡོད་བྱེད་མཁན་ལོ་ན་༣༦ཡིན་པ་བློ་དགའ་དང་ཁོང་གི་བཟའ་ཟླ་གཡུ་མཚོ་གཉིས་ཀྱིས་བཙན་བྱོལ་ནང་ཡོད་པའི་ཁོང་ཚོའི་གཉེན་ཉེ་དང་འབྲེལ་བ་བྱས་པའི་དྭོགས་གཞིའི་འོག་ནས་རྒྱ་ནག་གི་ཉེན་རྟོགས་པས་འཇུ་བཟུང་བྱས་ཡོད་པ་དང་། དེ་ནས་ཁོང་གཉིས་ནང་མི་དང་ཐུག་འཕྲད་བྱེད་དུ་འཇུག་གི་མེད་པར་བརྟེན་ཁོང་གཉིས་ཀྱི་ནང་མི་ཚོས་ཁོང་གཉིས་ཀྱི་གནས་སྟངས་ཤེས་རྟོགས་མེད་པ་ལུས་ཡོད་འདུག
གོང་གི་གནས་ཚུལ་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་རྩད་གཅོད་བྱེད་བཞིན་པ་ལས་ཁུངས་འཕེར་ཐུབ་པའི་གནས་ཚུལ་རག་མ་བྱུང་།

གསར་འགོད་པ། ཚེ་དབང་ནོར་བུ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།