སྲིད་སྤྱི་གཉིས་ཀྱི་འོས་བསྡུར་མིང་གཞུང་དེབ་བཀོད་མཁན་སྐབས་སྔོན་མ་ལས་ཉུང་བ་འདུག


2020.11.16
བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དབུས་འོས་བསྡུ་ལས་ཁང་ནས་སྤྱི་ཟླ་༡༡པའི་ཚེས་༡༦ཉིན་བཞུགས་སྒར་དུ་གསར་འགོད་གསལ་བསྒྲགས་སྤེལ་སྐབས། 11/16/20 བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དབུས་འོས་བསྡུ་ལས་ཁང་ནས་སྤྱི་ཟླ་༡༡པའི་ཚེས་༡༦ཉིན་བཞུགས་སྒར་དུ་གསར་འགོད་གསལ་བསྒྲགས་སྤེལ་སྐབས། 11/16/20
RFA/Dhasa

དབུས་འོས་བསྡུ་ལས་ཁང་གིས་༢༠༢༡ལོའི་སྲིད་སྤྱི་གཉིས་ཀྱི་འོས་འཕེན་པ་༧༩༦༩༧གྱི་མིང་ཐོ་དེབ་འགོད་ཟིན་པ་དང་ད་དུང་ཡང་མིང་གཞུང་དེབ་འགོད་ཆེད་གོ་སྐབས་གཉིས་པ་འབུལ་རྒྱུ་ཡིན་འདུག
བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དབུས་འོས་བསྡུ་ལས་ཁང་ནས་སྤྱི་ཟླ་༡༡པའི་ཚེས་༡༦ཉིན་བཞུགས་སྒར་དུ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སྐབས། འོས་བསྡུ་སྤྱི་ཁྱབ་འགན་འཛིན་སྤེ་ཟུར་དབང་འདུས་ཚེ་རིང་ལགས་ནས། བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཚན་༡༨ནང་གསེས་༡པོའི་དགོངས་དོན། “ས་གནས་སོ་སོའི་འོས་བསྡུའི་མིང་གཞུང་དེབ་འགོད་འགན་འཛིན་བསྐོ་བཞག་གཏན་འབེབས་ཟིན་མཚམས། དོན་ཚན་༡༧ནང་གསེས་༣པའི་འོག་བརྗོད་དོན་ཁག་གཞིར་བཟུང་འོས་འཕེན་པའི་མིང་གཞུང་དེབ་འགོད་འགན་འཛིན་ནས། ས་གནས་མི་མང་གི་མིང་གཞུང་སྔོན་ཡོད་ཁག་གཞིར་བཟུང་དག་བཤེར་བྱེད་པའམ། གསར་དུ་དེབ་བསྐྱེལ་བྱ་རྒྱུའི་ལས་དོན་འཕྲལ་དུ་འགོ་འཛུགས་དགོས”། ཞེས་གསལ་བ་བཞིན། འདི་ལོར་འཛམ་གླིང་རྒྱལ་ཁབ་ཁག་༢༦ནང་༢༠༢༡ལོའི་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་འཕེན་པའི་མིང་ཐོ་དེབ་འགོད་ཀྱི་ལས་གཞི་སྤྱི་ཟླ་༡༠པའི་ཚེས་༣༡ཉིན་གཙང་སྒྲིལ་ཟིན་འབྲས། རྒྱ་གར་ནང་འོས་འཕེན་པ་ཁྱོན་བསྡོམས་ལྔ་ཁྲི་ལྔ་སྟོང་དྲུག་བརྒྱ་བརྒྱད་ཅུ་གྱ་གསུམ་དང་། ཕྱི་རྒྱལ་ཡུལ་ཁག་ཏུ་འོས་འཕེན་པ་ཉིས་ཁྲི་བཞི་སྟོང་བརྒྱ་མེད་བཅུ་བཞི་ནས་དེབ་འགོད་གནང་སྟེ། ཁྱོན་མིང་ཐོ་བཀོད་ཟིན་པ་མི་གྲངས་༧༩༦༩༧ཡོད་པ་སོགས་འགྲེལ་བརྗོད་གནང་སོང་།
དེ་བཞིན་དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་པ་སྤེ་ཟུར་དབང་འདུས་ཚེ་རིང་ལགས་ནས། ས་གནས་མང་དག་ནས་དགོངས་འཆར་བྱུང་བར་དབུས་འོས་བསྡུ་ལས་ཁང་ནས་དགོངས་བཞེས་ཀྱིས། སླར་ཡང་ཕྱི་ལོ་༢༠༢༠ཟླ་༡༢པའི་ཚེས་༢༣ནས་༢༨བར། ཉིན་གྲངས་ལྔའི་རིང་མིང་གཞུང་དེབ་འགོད་བྱ་དགོས་མཁན་ཚོར་གོ་སྐབས་གཉིས་པ་འབུལ་གཏན་འཁེལ་བ་འགྲེལ་བརྗོད་གནང་གི་འདུག

ཡང་ཉེ་ལམ་སྤྱི་ཟླ་༡༡པའི་ཚེས་༡༡ཉིན་རྩོམ་པ་བོ་འཇམ་དབྱངས་ནོར་བུ་ལགས་ནས་དྲ་ལམ་བརྒྱུད། སྲིད་སྤྱི་འོས་བསྡུ་གནང་སྐབས་རང་བཙན་གྱི་ལྟ་བ་ཁུར་མཁན་ཚོར་བྱུས་གཏོགས་མེད་པ་བཟོ་བ་དང་། དབུ་མའི་ལམ་རང་མགོ་རང་ཟིན་གྱི་སྲིད་བྱུས་བཟུང་བ་སོགས་སྐྱོན་བརྗོད་གནང་ཡོད་པར། འོས་བསྡུ་སྤྱི་ཁྱབ་འགན་འཛིན་དབང་འདུས་ཚེ་རིང་ནས་དབུས་འོས་བསྡུ་ལས་ཁང་གིས་འོས་བསྡུ་ལས་ཁུངས་ནས་འོས་བསྡུ་བྱ་རྒྱུ་མ་གཏོགས། ལྟ་བ་དང་ཕྱོགས་གཏོགས་ལ་ངོས་འཛིན་རིགས་རྩ་བ་ནས་མེད་པ་ལན་འདེབས་གནང་སྐབས། ང་ཚོས་ཕྱོགས་རང་ག་བ་ལ་ཕྱོགས་གཏོགས་བྱེད་རྒྱུ་སོགས་རྨི་ལམ་ལའང་འཁོར་མི་སྲིད་པའི་གནད་དོན་ཞིག་ཡིན་པས། དེ་འདྲ་གསུངས་ནས་འུར་འདྲོགས་ཀྱིས་མང་ཚོགས་ནང་ལོག་འགྲེལ་འབད་བརྩོན་གནང་བར། དབུས་འོས་བསྡུ་ལས་ཁུངས་ནས་ངོས་ལེན་རྩ་བ་ནས་མེད་པ་དང་། ཡང་འཇམ་དབྱངས་ནོར་བུ་ནས་འོས་བསྡུའི་ནང་རྒྱལ་ཁབ་ཀྱི་རྣམ་པ་བསྟན་ནའང་འགྲིག་གི་ཡོད་ས་མ་རེད། བོད་ཀྱི་རྒྱལ་དར་འཕྱར་མི་ཆོག་པའི་རྒྱུ་མཚན་དྲངས་འདུག་ཅེས་གསུངས་པ་ནི། ཧ་ཅང་ཐལ་ཆེའི་ནོར་འཁྲུལ་ཚབ་ཆེན་ཞིག་རེད། སྤྱི་ལོ་༢༠༢༠སྤྱི་ཟླ་༨པའི་ཚེས་༥ཉིན། ང་ཚོས་གསར་འགོད་གསལ་བསྒྲགས་ཐོག་མ་བསྐྱངས་པའི་ནང་། ༢༠༢༡ལོའི་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་གཞིའི་ནང་བཞེངས་མཁན་ཚོར། འོས་བསྡུ་དང་འབྲེལ་དྲིལ་བསྒྲགས་བྱེད་ཕྱོགས་ཀྱི་རྩ་འཛིན་ལམ་སྟོན་དོན་ཚན་༡༢བཏང་ཡོད་ཅིང་། དེའི་དོན་ཚན་དང་པོའི་ནང་“སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་གཞིར་བཞེངས་མི་རྣམས་ཀྱིས། འོས་བསྡུའི་རྒྱལ་ཁ་ཐོབ་ཆེད་དྲིལ་བསྒྲགས་ཡིག་ཆའི་སྟེང་། ༧གོང་ས་མཆོག་གི་སྐུ་པར་དང་བོད་མིའི་སྒྲིག་འཛུགས་ཀྱི་ལས་རྟགས། བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར། བོད་ཀྱི་ས་ཁྲ་སོགས་གང་དུ་ཡང་བེད་སྤྱོད་མི་ཆོག་”ཅེས་ཞུས་པ་དེ། རྒྱལ་ཁབ་ཀྱི་གནད་དོན་མ་མཚོན་པའི་ཆེད་རྩ་བ་ནས་མ་རེད་ཅེས་འགྲེལ་བརྗོད་གནང་གི་འདུག་ཅིང་།
ཕྱི་ལོ་༢༠༡༦ལོའི་འོས་འཕེན་དེབ་སྐྱེལ་གནང་མཁན་གྱི་གྲངས་འབོར་ནི། དགུ་ཁྲི་སྟོང་མེད་སུམ་བརྒྱ་བདུན་ཅུ་དོན་བདུན་ཡིན་པས། ད་ལོ་སྐབས་སྔོན་མ་དང་བསྡུར་ན་ཆིག་ཁྲི་སྟོང་མེད་དྲུག་བརྒྱ་བརྒྱད་ཅུ་ཉུང་བ་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དིང་རི་རྫོང་དུ་སླར་ཡང་ཕྱི་ཚེས་ ༡༣ ཉིན་ས་ཡོམ་འགུལ་ཚད་ ༥.༡ ཅན་ཞིག་བརྒྱབ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎