སྦེལ་ཀོབ་བོད་མིའི་ས་གནས་འགོ་འཛིན་གྱིས་ཀར་ན་ཊ་ཀ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་ཕེབས་བསུ་དང་བོད་མིའི་བདེ་སྡུག་ཆེད་སྙན་ཞུ་ཕུལ་འདུག

2024.01.25
སྦེལ་ཀོབ་བོད་མིའི་ས་གནས་འགོ་འཛིན་གྱིས་ཀར་ན་ཊ་ཀ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་ཕེབས་བསུ་དང་བོད་མིའི་བདེ་སྡུག་ཆེད་སྙན་ཞུ་ཕུལ་འདུག སྦེལ་ཀོབ་བོད་མིའི་ས་གནས་འགོ་འཛིན་དང་བོད་མི་ཚོས་ཀར་ན་ཊ་ཀ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་ཕེབས་བསུའི་སྐབས། ༠༡།༢༤།༢༠༢༤
པདྨ་དངོས་གྲུབ།/RFA

ཟླ་བ་འདིའི་ཕྱི་ཚེས་༢༤ཉིན་རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་(Karnataka)་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་(Siddharamaiah)་ལགས་དང་། མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གཞོན་པ་སྐུ་ཞབས་(D.K Shivakumar)་ལགས། མངའ་སྡེའི་སྤྱི་ཚོགས་བདེ་དོན་བློན་ཆེན། མངའ་སྡེའི་ཞིང་ཆུ་འདྲེན་གཏོང་བློན་ཆེན་སོགས་ཀྱི་གཙོས་མངའ་སྡེའི་གནད་ཡོད་མི་སྣ་ཁག་ཅིག་སྦེ་ལ་ཀོ་པི་ཉེ་འགྲམ་(Koppa)་ས་གནས་སུ་ཞིང་ཆུ་འདྲེན་གཏོང་གི་ལས་གཞི་རྒྱ་ཆེ་ཞིག་དབུ་འབྱེད་གནང་ཆེད། སྦེང་ལོར་ནས་ཐད་འཕུར་གནམ་གྲུ་བརྒྱུད་སྦེ་ལ་ཀོ་པི་སམ་བྷོ་ཌའི་རྩེད་ཐང་དུ་ཕེབས་འབྱོར་སྐབས། སྦེ་ལ་ཀོ་པི་ལུགས་བདེ་གཞིས་ཁུངས་གཉིས་ཀྱི་ས་གནས་འགོ་འཛིན་རྣམ་གཉིས་གཙོས་འབྲེལ་ཡོད་མི་སྣ་ཁག་ཅིག་གིས་བོད་མིའི་སྒྲིག་འཛུགས་དང་ས་གནས་བོད་མིའི་ངོ་ཚབ་ཞུས་ཏེ་ཁོང་རྣམ་པར་ཕེབས་བསུའི་སྣེ་ལེན་ཞུས་པ་དང་འབྲེལ་འཚམས་འདྲིའི་མཇལ་དར་དང་མཚོན་དོན་ཕྱག་རྟགས་སོགས་ཕུལ་ཡོད་པ་རེད།

Tibetan  Karnataka Chief Minister Siddaramaiah  (1).jpg
སྦེ་ལ་ཀོ་པི་ལུགས་བསམ་ས་གནས་འགོ་འཛིན་རྡོ་རྗེ་རིག་འཛིན་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། ས་གནས་བོད་མིའི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་ལས་སྣེ་དང་བོད་མི་ཚོས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གཙོས་དཔོན་རིགས་རྣམས་ལ་ཕེབས་བསུ་གནང་ཡོད་པ་དང་། དེ་དང་མཉམ་སྦེ་ལ་ཀོ་པི་ལུགས་བདེ་ས་གནས་འགོ་འཛིན་རྣམ་གཉིས་ཀྱིས་ས་གནས་བོད་མིའི་བདེ་སྡུག་དང་འབྲེལ་བའི་གནད་དོན་ཁག་གསུམ་གྱི་ཐོག་རྒྱ་གར་ཀར་ན་ཊ་ཀ་མངའ་སྡེ་གཞུང་ནས་རོགས་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་གྱི་སྙན་ཞུ་ཕུལ་གནང་ཡོད་པ་གསུངས་བྱུང་།
གཞི་རྩའི་རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེ་ནི་རྒྱ་གར་ནང་བཙན་བྱོལ་བོད་མི་མི་འབོར་མང་ཤོས་གནས་ཡུལ་དེ་ཆགས་ཡོད་པ་དང་། མངའ་སྡེ་འདིའི་ནང་སྦེ་ལ་ཀོ་པི་ལུགས་བདེ་གཞིས་ཁུངས་གཉིས་དང་། མོན་གྷོ་འདོད་རྒུ་གླིང་། ཧོན་སུར་རབ་རྒྱས་གླིང་དང་ཀོ་ལེ་གྷལ་དོན་ལྡན་གླིང་བཅས་ལྷོ་ཕྱོགས་བོད་མིའི་གཞིས་སྒར་ཁག་ལྔ་ཡོད་པ་རེད། གཞིས་ཆགས་ཁག་ལྔ་པོ་དེ་དག་ལ་རྒྱ་གར་གཞུང་གི་ཐོག་མར་གཞིས་ཆགས་གསར་འཛུགས་དང་། བོད་མིའི་འཚོ་ཐབས་ཀྱི་ཆེད་ཞིང་ས་གནང་བ་ནས་བཟུང་ཏེ་ད་བར་གང་སྤྱིའི་མཐུན་འགྱུར་རོགས་རམ་གནང་བཞིན་ཡོད་པ་མ་ཟད། ད་དུང་ཕྱི་ལོ་༢༠༡༩་ལོ་ནས་བཟུང་རྒྱ་གར་ཀར་ན་ཊ་ཀ་མངའ་སྡེ་གཞུང་ནས་ལྷོ་ཕྱོགས་བོད་མིའི་གཞིས་སྒར་ཁག་ལྔ་དང་སྦེང་ལོར་བཅས་ལ་བོད་པའི་ཆོས་དང་རིག་གཞུང་། ཤེས་ཡོན་དང་འཕྲོད་བསྟེན་སོགས་ཀྱི་འཛིན་སྐྱོང་གི་ཆེད་ལོ་འཁོར་རྒྱུན་གྲོན་ལ་ཕན་ཆེད་ལོ་རེར་ཧིན་སྒོར་འབུམ་སུམ་བརྒྱ་རེ་ཡི་རོགས་སྐྱོར་གནང་འགོ་ཚུགས་ཡོད་པ་རེད།


གསར་འགོད་པ། པདྨ་དངོས་གྲུབ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
སྐུ་ངོ་རྒྱལ་ལོ་དོན་གྲུབ་མཆོག་བོད་གངས་ཅན་ལྗོངས་ཀྱི་ལོ་རྒྱུས་ཐོག་རྡོ་ལ་རི་མོ་བརྐོས་པ་བཞིན་གནས་པའི་བླ་སྲོག་ཅིག་ཡིན་ཞེས་པའི་རྩོམ་ཡིག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་དྲུང་ཆེ་ཡིས་དིང་རི་སླར་གསོ་བསྐྱར་སྐྲུན་དང་མཉམ་མཐའ་མཚམས་བརྟན་ལྷིང་གླེང་བར་གནད་དོན་དབྱེ་ཞིབ་པས་རྒྱ་ནག་གཞུང་གིས་གནོད་ཐེབས་ས་ཁུལ་གྱི་བསྐྱར་གསོའི་ལས་དོན་ཆབ་སྲིད་ལ་སྦྱར་བར་སྐྱོན་བརྗོད་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎