བོད་ཀྱི་སྙན་ངག་པ་གྲགས་ཅན་གཅན་མེ་སྟག་ལགས་འདས་གྲོངས་སུ་ཕྱིན་པར་བོད་ཕྱི་ནང་གཉིས་ནས་མྱ་ངན་ཞུས་སོང་།

2022.09.21
Share on WhatsApp
Share on WhatsApp
བོད་ཀྱི་སྙན་ངག་པ་གྲགས་ཅན་གཅན་མེ་སྟག་ལགས་འདས་གྲོངས་སུ་ཕྱིན་པར་བོད་ཕྱི་ནང་གཉིས་ནས་མྱ་ངན་ཞུས་སོང་། བོད་ཀྱི་སྙན་ངག་པ་དང་རྩོམ་པ་པོ་བསོད་ནམས་བསྟན་པའམ་སྨྱུག་མིང་ལ་གཅན་མེ་སྟག་ལགས།
Social media

ཕྱི་ཟླ་༩ཚེས་༢༠་ཉིན་གྱི་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་༦་སྟེང་། བོད་ཀྱི་སྙན་ངག་པ་དང་རྩོམ་པ་པོ་བསོད་ནམས་བསྟན་པའམ་སྨྱུག་མིང་ལ་གཅན་མེ་སྟག་ལགས། སྙུང་གཞི་ཞིག་གི་རྐྱེན་གྱིས་ལོ་ན་༥༢་སྟེང་བོད་ནང་གི་ཟི་ལིང་གྲོང་ཁྱེར་དུ་འདས་གྲོངས་སུ་སོང་ཡོད་པ་དང་། ཁོང་འདས་གྲོངས་སུ་སོང་བ་དང་བོད་ཕྱི་ནང་གཉིས་སུ་ཁོང་ལ་མྱ་ངན་དང་གདུང་སེམས་མཉམ་སྐྱེད་ཀྱི་རྩོམ་ཡིག་དང་སྙན་ངག་སྤེལ་མཁན་མང་པོ་བྱུང་སོང་ལ། བོད་ནང་གི་རྩོམ་པ་པོ་ཞིག་ནས་སྙན་ངག་པ་ཁོང་ལ་དེ་སྔ་ནས་ནད་གཞི་རྙིང་བ་ཞིག་ཡོད་པ་གོ་ཐོས་ལས།ཐེངས་འདིར་ནད་གཞི་དེའི་རྐྱེན་གྱིས་ཡིན་སོགས་གསལ་ཁ་མེད་པ་དང་། འདས་གྲོངས་སུ་མ་སོང་བའི་ཉིན་ཤས་སྔོན་ནས་ཁོང་གིས་འཆི་བའི་སྐོར་གྱི་སྙན་ངག་ཁག་ཅིག་བྲིས་པར་བསམ་ན། ཁོ་རང་གི་སེམས་ནས་ཤེས་ཚོར་ཞིག་ཡོད་སྐོར། ཡིག་ཐོག་བརྒྱུད་འགྲེལ་བརྗོད་གནང་བྱུང་།

ཐེངས་འདིར་ཁོང་འདས་གྲོངས་སུ་ཕྱིན་པའི་གནས་ཚུལ་ཐོན་རྗེས་བོད་ནང་གི་བོད་མི་ཚོས་རྩོམ་དང་སྙན་ངག་གི་ལམ་ནས། ཁོང་ལ་མྱ་ངན་རྗེས་དྲན་དང་གདུང་སེམས་མཉམ་སྐྱེད་ཤུགས་ཆེར་ཞུས་གནང་སོང་ལ། གཅན་མེ་སྟག་ལགས་ལོ་རབས་བརྒྱད་ཅུའི་མཇུག་དང་དགུ་བཅུ་པའི་ནང་གསར་རྩོམ་ལ་ཞུགས་ཏེ། ད་བར་བོད་ནང་གི་དུས་དེབ་ཁག་ཏུ་སྙན་རྩོམ་བརྒྱ་ཕྲག་མང་པོ་སྤེལ་ཡོད་པ་མ་ཟད། ་སྙན་ངག་པ་གཅན་མེ་སྟག་ལགས་ཀྱི་སྙན་ངག་གྲགས་ཆེ་ཤོས་ཤིག་ནི་ཉི་ཟླ་རི་བོའི་སྙན་ཚིག་ཅེས་པ་ཡིན་པ་དང་། བོད་ཀྱི་རྩོམ་རིག་དཔྱད་བརྗོད་པ་གྲགས་ཅན་བདུད་ལྷ་རྒྱལ་ལགས་ནས་སྙན་ངག་དེས་བོད་གཞིས་བྱེས་གཉིས་ཀྱི་དྲན་གདུང་མཚོན་གྱི་ཡོད་པའི་དཔྱད་བརྗོད་ཀྱང་སྤེལ་ཡོད་པ་རེད་།

ཁོང་གི་སྙན་ངག་མང་པོ་ཞིག་རྒྱ་ཡིག་དང་དབྱིན་ཡིག། ཧྥ་རན་སི།འཇར་མན་དང་ཉི་ཧོང་སོགས་ཀྱི་སྐད་ཡིག་ནང་བསྒྱུར་ཡོད་འདུག་ལ། བཙན་བྱོལ་ནང་གི་རྩོམ་པ་པོ་དང་ལོ་ཙྭ་བ་ལྡུམ་ར་བུ་ཆུང་བསོད་ནམས་ལགས་ནས། གཅན་མེ་སྟག་ལགས་ཀྱི་སྙན་ངག་མང་པོ་ཞིག་ལ་གོ་བདེ་བོ་དང་སྤྱི་ཚོགས་ཀྱི་གནས་བབ་དང་ཆབ་སྲིད། བོད་ནང་གི་བོད་མི་ཚོའི་སེམས་ཁམས་སོགས་ཀྱི་ངོས་ནས་གོ་བ་ལེན་རྒྱུ་ཡོད་པའི་སྒྱུ་རྩལ་གྱི་ཆ་ཡོད་པ་དང་། ཁོང་གི་སྙན་ངག་ཁག་ལ་བོད་པ་དང་རྒྱལ་སྤྱིའི་སྟེང་ན་གཞོན་མང་པོས་དགའ་མོས་ཆེན་པོ་གནང་གི་ཡོད་པ་དང་། ཐེངས་འདིར་ཁོང་འདས་གྲོངས་སུ་ཕྱིན་པར་བློ་ཕམ་ཆེན་པོ་ཡོད་པ་བརྗོད་བྱུང་།

ཡང་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་རྩོམ་རིག་སློབ་དཔོན་ཨ་འབྲུག་དཀོན་མཆོག་ལགས་ནས། སྙན་ངག་པ་ཁོང་གི་སྙན་ངག་མང་པོ་ཞིག་བོད་ཕྱི་ནང་གཉིས་ཀྱི་མཐོ་སློབ་ཁག་ཏུ་སློབ་ཁྲིད་བྱེད་བཞིན་ཡོད་པ་དང་། ཁོང་གི་སྙན་ངག་དག་ལ་རྩོམ་པ་པོ་དང་དཔྱད་བརྗད་པ་མང་པོས་གདེང་འཇོག་ཚད་མཐོ་བོ་གནང་གི་ཡོད་པ་རེད་ལ། སྙན་ངག་པ་ཁོང་གིས་མི་སྒེར་གྱི་འཚོ་བ་དང་མི་རིགས་ཀྱི་གནས་བབ་གཞི་གཅིག་ཏུ་བཞག་ནས་ཁེར་རྐྱང་དང་དྲན་གདུང་གི་སྙན་ངག་མང་པོ་བྲིས་ཡོད་སྟབས། མི་མང་པོ་ཞིག་ལ་དེ་ལྟ་བུའི་བསམ་བློ་ཡོད་པས་ཁོང་གི་སྙན་ངག་གིས་མང་པོ་ཞིག་ལ་བག་ཆགས་དང་ཤུགས་རྐྱེན་ཐེབས་ཡོད་པ་བརྗོད་བྱུང་།

སྙན་ངག་པ་གཅན་མེ་སྟག་ལགས་འདས་གྲོངས་མ་ཕྱིན་པའི་ཉིན་ཤས་སྔོན་སྙན་ངག་ཁག་ཅིག་བྲིས་ཡོད་པའི་ནང་། ང་འདི་ལྟར་ཤི་སོང་ན། ངའི་མིག་དང་སེམས་ལ་འབྱར་བའི། བོད་ཀྱི་ཡི་གེ་འདི་དག་དྭ་ཕྲུག་ཏུ་འགྱུར་ངེས་དང་། ཡང་སྙན་ངག་གཞན་ཞིག་ཏུ་ང་འཆི་བ་ལ་འཇིགས་པ་མི་སྐྱེས་པར། ས་སྒང་འདིའི་གྲུ་ལོགས་ཤིག་ཏུ། ངས་རང་ཉིད་ཀྱི་འོད་སྣང་སྲུང་བཞིན་ཡོད་སོགས་བྲིས་འདུག་ལ། བོད་ནང་གི་ན་གཞོན་རྩོམ་པ་པོ་དང་ཆབ་སྲིད་བཙོན་ཟུར་ཐེའུ་རང་ལགས་ནས་སྙན་ངག་པ་ཁོང་ནི་མི་ཚེ་གང་བོར་བོད་ཡིག་གི་ལམ་ནས་སྙན་ངག་བྲིས་ཏེ། སྙན་ངག་ལ་ངོ་ལོག་བྱས་མ་མྱོང་བའི་ཁྲེལ་གཞུང་ལྡན་པའི་སྙན་ངག་པ་ཡིན་པ་སོགས་བརྗོད་འདུག  
WhatsApp Image 2022-09-21 at 2.26.34 PM.jpeg

སྙན་ངག་པ་གཅན་མེ་སྟག་ལགས་ནི་ཕྱི་ལོ་༡༩༧༠ལོར་མདོ་སྨད་གཅན་ཚ་ས་ཁུལ་གྱི་ལྷ་ས་ཞེས་པའི་གྲོང་ཚོ་ཞིག་ཏུ་སྐྱེས་ཤིང་། ཕྱི་ལོ་༡༩༨༩ལོར་མཚོ་སྔོན་ཞིང་ཆེན་མི་རིགས་མཐོ་རིམ་དགེ་འོས་ཆེད་སྦྱོང་སློབ་གྲྭ་ནས་སློབ་མཐར་ཕྱིན་ཡོད་པ་དང་། མགོ་ལོག་དང་ཟི་ལིང་སོགས་སུ་དགེ་རྒན་གྱི་བྱ་བ་བསྒྲུབས་ཡོད་འདུག་ལ། ཁོང་ལ་སྙན་དེབ་ལྷོ་བཞུད་ཀྱི་ཆུ་འཛིན་དང་ལྷུག་རྩོམ་དེབ་བུ་མོ་གཡུ་ཆུང་ཟླ་བ་གཙོས་དེབ་ཁག་ཅིག་ཡོད་པ་དང་། ཁོང་ལ་རྒྱ་ནག་གྲངས་ཉུང་མི་རིགས་རྟ་མཆོག་རྩོམ་རིག་བྱ་དགའ་སོགས་རྩོམ་རིག་བྱ་དགའ་མང་པོ་ཐོབ་ཡོད་འདུག་ལ། ཁོང་ནི་བོད་ཀྱི་སྙན་ངག་གི་ཚོགས་པ་ཆེས་ཐོག་མ་སྟེ་མནའ་མཁར་འདྲེ་བཞི་ཞེས་པའི་ཚོགས་མི་ཀྱང་ཡིན་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན། 
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ཀྱི་རྒྱལ་ས་ལྷ་ས་ནས་ཏོག་དབྱིབས་རིམས་ནད་ཀྱི་དཀའ་སྡུག་ཁྲོད་བོད་མི་ཁག་ཅིག་ཁང་པ་ནས་མཆོང་སྟེ་འདས་གྲོངས་སུ་ཕྱིན་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎