བོད་མི་ཆབ་སྲིད་བཙོན་ཟུར་དང་འབྲེལ་ཡོད་འབྲེལ་ཆགས་རྣམས་ཨའོསི་ཊརེ་ལི་ཡར་གཞིས་སྤོས་ཀྱི་ལས་གཞི་དེ་བར་ལམ་མཚམས་ཆད་ཡོད་ནའང་། ད་ཆ་ཨོ་གླིང་གཞུང་གིས་དགོངས་པ་ཆེ་བཞེས་ཀྱིས་ལས་གཞི་དེ་བསྐྱར་གསོ་གནང་བའི་སྐོར། བཀའ་ཤག་གིས་གྲོས་ཚོགས་སུ་ལན་འདེབས་གསལ་བཤད་གནང་ཡོད་པ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་བདུན་པའི་གྲོས་ཚོགས་ཚོགས་དུས་བརྒྱད་པ་དེ། གནས་སྐབས་ཉིན་ཤས་རིང་མཚམས་འཇོག་གནང་དགོས་ཐུག་ཡོད་ནའང་། ཕྱི་ཟླ་ ༩ པའི་ཚེས་ ༡༧ ཉིན་གྲོས་ཚོགས་ལས་རིམ་མུ་མཐུད་མཇུག་སྐྱོང་གིས། བདེ་སྲུང་ལས་ཁུངས་ཀྱི་ལོ་འཁོར་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སྐབས། བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་ལགས་ནས་བཙན་བྱོལ་ནང་གི་ཆབ་སྲིད་བཙོན་ཟུར་འབྲེལ་ཡོད་འབྲེལ་ཆགས་རྣམས། ཨོ་གླིང་དུ་གཞིས་སྤོས་ཀྱི་ལས་གཞི་བར་ལམ་མཚམས་ཆད་ཡོད་པ་དེ། ད་ལྟ་ཨོ་གླིང་གཞུང་གིས་དགོངས་པ་ཆེ་བཞེས་ཀྱིས་ལས་གཞི་བསྐྱར་གསོ་གནང་ཡོད་པའི་སྐོར་གྲོས་ཚོགས་སུ་གསལ་བཤད་གནང་ཡོད་ཅིང་། དེ་ལ་གྲོས་ཚོགས་སུ་སྤྱི་འཐུས་རྒྱུན་ལས་ཀྱིས་བདེ་སྲུང་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་རྒྱས་པར་ཞིབ་འཇུག་གནང་བའི་སྙན་ཐོ་ཡིག་ཆ་ཨང་ ༡༩ པ་སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་ནས་སྙན་སྒྲོན་གྱི་ནང་། བདེ་སྲུང་ལས་ཁུངས་ནས་ངོས་བཞེས་ཟིན་པའི་ཆབ་སྲིད་བཙོན་ཟུར། འབྲེལ་ཡོད། འབྲེལ་ཆགས་ཁོངས་ཨོ་གླིང་གཞིས་སྤོས་ལས་གཞི་ཡུན་རིང་འགོར་འགྱངས་སོང་བའི་རང་རིགས་མང་པོར་འཚོ་བའི་དཀའ་ངལ་འཕྲད་བཞིན་ཡོད་གནས་གསལ་ཐད། ད་ལྟའི་ཆར་ཨོ་གླིང་དུ་གཞིས་སྤོའི་ལས་གཞི་བསྐྱར་གསོ་ཐུབ་རེ་ཡོད་མེད་སོགས་སྤྱི་འཐུས་རྒྱུན་ལས་ཀྱིས་དྲི་བ་གནང་ཡོད་ཅིང་། སྤྱི་འཐུས་རྒྱུན་ལས་ནས་བདེ་སྲུང་གི་ལོ་འཁོར་ལས་སྡོམ་རྒྱས་པར་གཟིགས་ཞིབ་ཀྱིས་དོགས་འདྲི་ཞུས་པ་དེར། བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་ལགས་ནས་ལན་འདེབས་གནང་བའི་ནང་། བདེ་སྲུང་ལས་ཁུངས་ནས་ངོས་བཞེས་ཟིན་པའི་ཆབ་སྲིད་བཙོན་ཟུར་འབྲེལ་ཡོད་འབྲེལ་ཆགས་རྣམས་ལ་ཕན་ཐོགས་ཆེ་བའི་ཨོ་གླིང་གཞིས་སྤོའི་ལས་གཞི་དེ་དག ཨོ་གླིང་གཞུང་གིས་སྤྱི་ཡོངས་གཞིས་སྤོའི་ཁྲིམས་ཡིག་དང་དེ་འབྲེལ་ལས་དོན་བྱེད་ཕྱོགས་ཁག་གཅིག་ལ་འགྱུར་བ་ཕྱིན་པར་བརྟེན། འདི་གའི་བོད་མི་གཞིས་སྤོའི་ལས་གཞི་ལའང་དོ་ཕོག་ཤུགས་ཆེར་སོང་ཡོད་པས། ཨོ་གླིང་སྐུ་ཚབ་དོན་གཅོད་ལས་ཁུངས་ནས་འགན་རྐང་བཞེས་ཀྱི་ཐོག ཕྱོགས་ཡོངས་ནས་ཐབས་འཚོལ་དང་འབད་བརྩོན་བྱས་འབྲས་སུ།ཉེ་ལམ་ཨོ་གླིང་གཞུང་གིས་དགོངས་པ་ཆེ་བཞེས་ཀྱིས་ལས་གཞི་དེ་ཉིད་སླར་གསོ་བྱུང་ཡོད་པ། འབྲེལ་ཡོད་སྐུ་ཚབ་དོན་གཅོད་ལས་ཁུངས་ནས་སྙན་གསན་སྒྲོན་པའི་སྐོར་ལན་འདེབས་གསལ་བཤད་གནང་གི་འདུག
ཨའོསི་ཊརེ་ལི་ཡ་རྒྱལ་ཁབ་ཀྱི་ནང་ཕྱི་ལོ་ ༡༩༧༠ དོན་གྲངས་ནས་བོད་མི་སླེབས་འགོ་བཙུགས་ཡོད་པ་དང་། ཕྱི་ལོ་ ༡༩༩༧ ལོ་ནས་བཙན་བྱོལ་བོད་གཞུང་གིས་གཞུང་འབྲེལ་གྱི་ལམ་ནས། བོད་མི་ཆབ་སྲིད་བཙོན་ཟུར་བཅུ་གྲངས་ཤིག་བཏང་སྟེ་རྒྱལ་ཁབ་དེར་བོད་མི་གཞིས་སྤོས་ཀྱི་ལས་གཞི་བརྩམས་པ་ནས་བཟུང། ཧ་ལམ་ལོ་རེ་བཞིན་ད་བར་རྒྱུན་ཆད་མེད་པར་བོད་མི་ཆབ་སྲིད་བཙོན་ཟུར་དང་འབྲེལ་ཡོད་འབྲེལ་ཆགས་རྣམས་གཞིས་སྤོས་གནང་ལམ་བྱུང་ཡོད་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།