ཧྥ་རན་སིའི་ནང་གི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་ནས་བོད་མི་ཚོས་ངོ་རྒོལ་གྱི་ལས་འགུལ་སྤེལ་འདུག

2022.04.11
Share on WhatsApp
Share on WhatsApp
ཧྥ་རན་སིའི་ནང་གི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་ནས་བོད་མི་ཚོས་ངོ་རྒོལ་གྱི་ལས་འགུལ་སྤེལ་འདུག ཧྥ་རན་སིའི་ནང་གི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་ནས་བོད་མི་ཚོས་ངོ་རྒོལ་གྱི་ལས་འགུལ་སྤེལ་སྐབས། ༤།༡༡།༢༠༢༢
@ANI

དེ་ཡང་རྒྱ་གར་གྱི་ཨེ་ཨེན་ཨ་ཡེ་ཞེས་པའི་གསར་ལས་ཁང་ནས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་བ་འདིའི་ཚེས་༡༠གཟའ་ཉི་མ་ཉིན། བོད་རང་བཙན་སློབ་ཕྲུག་ཚོགས་པ་གཙོས་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔས་གོ་སྒྲིག་འོག ཧྥ་རན་སིའི་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་དང་། ད་རེས་ལས་འགུལ་སྤེལ་དགོས་པའི་རྒྱུ་མཚན་སྐོར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་དོན་གྲུབ་ཚ་བ་ལགས་ཀྱིས་གསར་ལས་ཁང་དེར་འགྲེལ་བརྗོད་གནང་བའི་ནང་། འདས་པའི་ཕྱི་ཟླ་གཉིས་པའི་ཚེས་༢༥ཉིན་བོད་ཀྱི་རྒྱལ་ས་ལྷ་སར་གཞས་པ་གྲགས་ཅན་ཚེ་དབང་ནོར་བུ་ལགས་ཀྱིས་རྒྱ་ནག་གཞུང་གི་སྡུག་རྩུབ་ཅན་གྱི་སྲིད་བྱུས་ལ་ངོ་རྒོལ་མཚོན་ཆེད་རང་ལུས་མེར་སྲེག་བཏང་ཡོད་པ་དང་། དེ་ནས་ཕྱི་ཟླ་གསུམ་པའི་ཚེས་༣༡ཉིན་ཨ་མདོ་རྔ་པ་ཁུལ་ཀིརྟི་དགོན་པའི་ཉེ་འགྲམ་དུ་རང་ལོ་༨༡ཡིན་པའི་བཀྲ་ཕུན་ལགས་ཀྱིས་རྒྱ་ནག་གི་ཉེན་རྟོག་པའི་ལས་ཁུངས་ཀྱི་མདུན་དུ་རང་ལུས་མེར་སྲེག་བཏང་བ། དེ་བཞིན་སྐྱེ་རྒུ་མདོའི་ནང་བོད་མི་གཞན་ཞིག་གིས་རང་ལུས་མེར་སྲེག་བཏང་བ་སོགས་གཅིག་མཇུག་གཉིས་མཐུད་ཀྱིས་རང་སྲོག་བློས་གཏོང་དགོས་ཐུག་པའི་རྒྱུ་རྐྱེན་རྒྱ་ནག་གཞུང་གི་བོད་ནང་གི་བོད་མི་ཚོའི་ཐོག་དྲག་གནོན་བྱེད་བཞིན་པར་བརྟེན་གནད་དོན་དེར་རྒྱ་ནག་གཞུང་ལ་འགན་འཁྲི་ཡོད་པ་དང་། བོད་མི་ཚོར་རང་དབང་སྤྲོད་དགོས་ལུགས་ཀྱི་ཞུ་འབོད་བྱས་ཡོད་པ་རེད་འདུག
ད་དུང་རྒྱ་ནག་གཞུང་གིས་བོད་ནང་དྲག་གནོན་སྲིད་བྱུས་ལག་བསྟར་བྱས་བ་ལ་བརྟེན་བོད་ནང་ཕྱི་ལོ་༢༠༠༩ནས་བཟུང་ད་བར་བོད་མི་༡༦༠མ་ཟིན་ཙམ་གྱི་རང་ལུས་མེར་སྲེག་བཏང་ཡོད་ཀྱང་བོད་ནང་གི་གནས་ཚུལ་ཕྱིར་རུ་མཁོ་སྤྲོད་བྱེད་རྒྱུར་རྒྱ་ནག་གཞུང་གིས་དམ་དྲག་ཆེན་པོ་བྱེད་ཀྱི་ཡོད་པའི་ཆ་ནས་ད་ལྟའི་ཆར་གནས་ཚུལ་ཕྱི་གསལ་ནང་གསལ་མེད་པའི་དཀའ་ངལ་འཕྲད་ཀྱི་ཡོད་པའི་སྐོར་ཡང་ལུང་འདྲེན་བྱས་འདུག

གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བསྟན་འཛིན་དཀོན་མཆོག་ལགས་ཀྱིས་ཡུ་ཀྲུབ་སྤྱི་ཚོགས་དྲ་ལམ་ཐོག་རྗེས་འབྲང་པ་ས་ཡ་གཅིག་ལྷག་བྱུང་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎