༄༅༎ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཐུ་ལྦ་དང་སྦུར་ཡ་རྒྱལ་ས་མོ་སི་ཁོའོ་ནང་བོད་ཀྱི་ཆོས་དང་རིག་གཞུང་ངོ་སྤྲོད་དང་འགྲེམས་སྟོན་གནང་བཞིན་ཡོད་འདུག
བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་གནས་ཚུལ་འཁོད་དོན་ལྟར་ན། ཕྱི་ལོ་༢༠༡༡ལོའི་ཕྱི་ཟླ་༡༡པའི་ཚེས་༦ཉིན་ཨུ་རུ་སའི་རྒྱལ་ས་མོ་སི་ཁོའོ་ནང་རྒྱ་གར་ལྷོ་ཕྱོགས་སུ་གནས་པའི་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་དགེ་འདུན་བརྒྱད་ནས་དུས་འཁོར་གྱི་རྡུལ་མཚོན་དཀྱིལ་འཁོར་བཞེངས་ནས། སྒོ་མང་གྲྭ་ཚང་གི་ཨོ་ཏོག་རིན་པོ་ཆེས་རྡུལ་མཚོན་དཀྱིལ་འཁོར་ངོ་སྤྲོད་ཀྱང་གནང་ཡོད་པ་དང་ དེའི་སྐབས་ཨུ་རུ་སུ་སྐུ་ཚབ་དོན་གཅོད་ངག་དབང་རབ་རྒྱས་ལགས་ཀྱིས་སྒོ་མང་གྲྭ་ཚང་གི་ལོ་རྒྱུས་ངོ་སྤྲོད་གནང་བ་དང་འབྲེལ། ཐོག་མར་བཙན་བྱོལ་དུ་བསླེབས་རྗེས་དགེ་འདུན་པ་༦༠ཙམ་གྱིས་གྲྭ་ཚང་དེ་བཙན་བྱོལ་ནང་འཛུགས་སྐྲུན་སླར་གསོ་གནང་རྗེས། ད་ཆ་བྱེས་ཀྱི་སྒོ་མང་གྲྭ་ཚང་དུ་དགེ་འདུན་ཞལ་གྲངས་༢༠༠༠ཙམ་ཡོད་པ་དང་ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་༣༢པ་དེ་གནས་མཆོག་རྡོ་རྗེ་གདན་དུ་སྩལ་རྒྱུ་ཡིན་པ་དང་། དུས་འཁོར་དབང་ཆེན་ཐེངས་༣༣པ་དེ་བཞིན་ཨུ་རུ་སའི་རྒྱལ་ས་མོ་སི་ཁོའོ་ནང་སྩལ་ཐུབ་རྒྱུའི་སྨོན་ལམ་དང་ཐུགས་རེ་གནང་བཞིན་ཡོད་ཅེས་གསུང་འདུག དུས་འཁོར་གྱི་རྡུལ་མཚོན་དཀྱིལ་འཁོར་དེ་བཞིན་ཕྱི་ཟླ་༡༡་པི་ཚེས་༦ནས་༡༤བར་མང་ཚོགས་ལ་འགྲེམས་སྟོན་ཞུ་རྒྱུ་ཡིན་པ་དང་། ཕྱོགས་འཚུངས་འགྲེམས་སྟོན་རིང་དགེ་འདུན་རྣམས་ཀྱིས་ནང་ཆོས་ངོ་སྤྲོད་དང་།བོད་སྨན་བསྟན་གཏུག་བྱ་རྒྱུའི་གོ་སྐབས། དེ་བཞིན་སྨན་པ་སྨོན་ལམ་རྒྱ་མཚོ་ལགས་ཀྱིས་བོད་ཀྱི་གསོ་བ་རིག་པའི་སྐོར་ངོ་སྤྲོདད་གནང་རྒྱུ་ཡིན་འདུག
སྤྱིར་འདི་ལོ་ཕྱི་ཟླ་བརྒྱད་པའི་ཚེས་༡༩ནས་བཟུང་དབུ་འཛུགས་ཀྱིས་སྒོ་མང་གྲྭ་ཚང་གི་དགེ་འདུན་ཚོས་ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཐུ་ལྦ་དང་། སྦུར་ཡ། དེ་མིན་གྱི་གྲོང་ཁྱེར་མང་པོའི་ནང་ཕེབས་སྟེ་སྤྱན་རས་གཟིགས་དང་། རྡོ་རྗེ་སེམས་པ། འཇིགས་བྱེད་བཅས་ཀྱི་རྡུལ་མཚོན་དཀྱིལ་འཁོར་བཞེངས་ཡོད་པ་མ་ཟད། མང་ཚོགས་ལ་ནང་ཆོས་དང་ བོད་ཀྱི་གསོ་བ་རིག་པའི་སྐོར་སོགས་ངོ་སྤྲོད་གནང་ཡོད་འདུག།
