ཁྲིམས་ཞིབ་པ་ཟུར་པ་བཅུ་གཅིག་གིས་ཁྲིམས་དོན་ངོས་འཛིན་གྱི་གསལ་བསྒྲགས་སྤེལ་ནས་གྲོས་ཚོགས་ཀྱི་གྲོས་ཆོད་ཕྱིར་འཐེན་དགོས་པའི་འབོད་སྐུལ་ཞུས།

2021-04-13
Share
ཁྲིམས་ཞིབ་པ་ཟུར་པ་བཅུ་གཅིག་གིས་ཁྲིམས་དོན་ངོས་འཛིན་གྱི་གསལ་བསྒྲགས་སྤེལ་ནས་གྲོས་ཚོགས་ཀྱི་གྲོས་ཆོད་ཕྱིར་འཐེན་དགོས་པའི་འབོད་སྐུལ་ཞུས། ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་རྣམ་པས་ཆེད་བསྐོང་གནང་པའི་གསར་འགོད་ལྷན་ཚོགས་སྐབས། ༣།༢༦།༢༡
RFA/Dhasa

བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གསུམ་སྡེབ་གཅིག་ལ་འཕོ་འགྱུར་བཏང་དེ་བཅའ་ཁྲིམས་ཀྱི་དགོངས་དོན་དང་མཐུན་གྱི་མེད་པ་ཁྲིམས་ཞིབ་པ་ཆེ་བ་ཟུར་པ་ངག་དབང་འཕེལ་རྒྱས་ནས་གསུངས་སོང་།
ཉེ་ལམ་ཕྱི་ཟླ་༣པའི་ཚེས་༢༥ཉིན་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པའི་ཐོག བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་དང་། ཁྲིམས་ཞིབ་པ་གཞན་ཀརྨ་དགྲ་འདུལ་དང་བསྟན་འཛིན་ལུང་རྟོགས་བཅས། སྡེབ་གཅིག་ཏུ་གྲོས་ཚོགས་སུ་གཞུང་འབྲེལ་གྲོས་ཆོད་བཞག་སྟེ་འཕོ་འགྱུར་བཏང་ཡོད་པའི་ཐད། བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་པ་ཆེ་བ་ཟུར་པ་དང་། ཁྲིམས་ཞིབ་པ་ཟུར་པ་བཅས་བཅུ་གཅིག་གིས་ཐུན་མོང་གི་ཐོག་ནས་ཁྲིམས་དོན་ངོས་འཛིན་གསལ་བསྒྲགས་ཤིག་ཕྱི་ཟླ་༤པའི་ཚེས་༡༢ཉི་མ་སྤེལ་ཡོད་ཅིང་། གསལ་བསྒྲགས་དེའི་སྐོར་ལ་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་ཟུར་པ་ངག་དབང་འཕེལ་རྒྱས་ལགས་ནས། ཁྲིམས་ཞིབ་པ་གསུམ་སྡེབ་གཅིག་ལ་འཕོ་འགྱུར་གཏོང་རྒྱུའི་ཆ་རྐྱེན་ཞིག་བཅའ་ཁྲིམས་ནང་ཁྱོན་ནས་གསལ་མེད་པས། དེ་བཅའ་ཁྲིམས་ཀྱི་དགོངས་དོན་དང་ཁྲིམས་མཐུན་ཆགས་མེད་པ་རེད་ཅེས། ཁོང་ཚོས་ཁྲིམས་དོན་ངོས་འཛིན་གྱི་དོན་ཚན་དགུ་བའི་ནང་འཁོད་ཡོད་པ་འགྲེལ་བརྗོད་གནང་གི་འདུག
གཞན་ཡང་ཁྲིམས་ཞིབ་པ་ཆེ་བ་ཟུར་པ་ངག་དབང་འཕེལ་རྒྱས་ལགས་ནས། བོད་དོན་བདེན་མཐའ་མ་གསལ་བར་དུ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དེ་གནས་དགོས་ཀྱི་ཡོད་པ་དང་། དེ་ཡང་༧གོང་ས་མཆོག་གི་དགོངས་གཞི་དང་རྒྱ་ཆེའི་མང་ཚོགས་ཀྱི་རེ་འདུན་ལྟར་དུ་མང་གཙོ་དང་ཁྲིམས་ཀྱི་དབང་བསྒྱུར་ཚད་དང་ལྡན་པ་ཞིག་དགོས་ཀྱི་ཡོད་ཐོག དེ་ལ་སྟངས་འཛིན་ཚད་ལྡན་ཞུ་དགོས་ཀྱི་ཡོད་པས། བཅའ་ཁྲིམས་བསྐྱར་བཅོས་སྐབས་གཟབ་ནན་གནང་དགོས་པ་ལས་ཐལ་ཆ་འགྲོ་ཉེན་ཡོད་པས། བཀའ་སྤྱི་གཉིས་ནས་ཐུགས་གཟབ་རོགས་ཀྱི་ལམ་སྟོན་འབོད་སྐུལ་ཞུས་ཡོད་པ་འགྲེལ་བརྗོད་གནང་གི་འདུག

རྒྱ་ནག་ཝུའུ་ཧན་ནས་མཆེད་པའི་(Covid-19)ཏོག་དབྱིབས་རིམས་ནད་ཀྱི་དབང་གིས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཕྱི་ལོ་༢༠༢༠ལོའི་ཟླ་བ་༩པའི་ཚེས་༡༦ནས་༢༤བར་འཚོགས་འཆར་གྱིས་གྲོས་ཚོགས་ཚོགས་དུས་༡༠པ་དེ། བཅའ་ཁྲིམས་དོན་ཚན་༤༩པའི་ནང་གསེས་གཉིས་པའི་དགོངས་དོན་ལྟར། ཕྱི་ལོ་༢༠༢༡ལོའི་ཕྱི་ཟླ་༣པའི་བར་ཕར་འགྱང་བྱས་པ་དེར། ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་སྤྱི་འཐུས་རྒྱུན་ལས་མི་གྲངས་༡༡ནས་བསམ་བཞིན་དུ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་བརྩི་མེད་བྱས་པའི་བྱེད་འཛོལ་ཆད་འགེལ་དུ། སྤྱི་འཐུས་རྒྱུན་ལས་༡༡ལ་ཕྱི་ལོ་༢༠༢༡ཟླ་༣པའི་ཚེས་༡༡བར། འོས་བསྡུའི་འདེམས་བྱེད་ཀྱི་ཐོབ་དབང་བཀག་བསྐྱིལ་བྱས་པར་བརྟེན། སྤྱི་འཐུས་གྲོས་ཚོགས་སུ་སྤྱི་འཐུས་ལྷན་ཚོགས་ནས་ཐག་གཅོད་བྱས་པ་འགྲིག་ཡོད་མེད་གང་ལྟར་ཀྱང་། དེ་ཡང་སྤྱི་འཐུས་ལྷན་ཚོགས་རང་གིས་ཐག་གཅོད་བྱེད་རྒྱུ་རེད་མ་གཏོགས། ཁྲིམས་ཁང་གཅིག་གིས་དེ་ལ་བྱུས་གཏོགས་གང་ཡང་བྱེད་མི་ཆོག་པ་དང་། བཅའ་ཁྲིམས་དོན་ཚན་༤༦དང་ཡང་འགལ་འགྲོ་ཡི་ཡོད་པ། སྤྱི་འཐུས་མི་བྱེ་བྲག་པ་དང་སྤྱི་འཐུས་ལྷན་ཚོགས་སུ་ཡིན་ན་ཁྲིམས་ཞིབ་ཁང་གང་གི་ཁྱབ་ཁོངས་འོག་ཏུའང་མེད་པར་ངོས་འཛིན་གྱིས། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གསུམ་འཕོ་འགྱུར་གྱི་གྲོས་ཆོད་བཞག་ཡོད་ནའང་། ཁྲིམས་ཞིབ་པ་ཆེ་བ་ཟུར་པ་དང་དང་ཁྲིམས་ཞིབ་པ་ཟུར་པ་རྣམ་པས་ཁྲིམས་དོན་ངོས་འཛིན་གྱི་ནང་། བཅའ་ཁྲིམས་དོན་ཚན་༤༩ནང་གསེས་གཉིས་པའི་ནང་། སྤྱི་འཐུས་ཉུང་མཐའི་གྲངས་ཚད་མ་ལོངས་བར་ཚོགས་འདུ་ཉིན་གྲངས་བདུན་ལྷག་འཕར་འགྱངས་བྱེད་དགོས་བྱུང་ན། ཚོགས་གཙོ་སྦྲེལ་པོས་ཚོགས་འདུ་འཕར་འགྱངས་ཀྱི་ཐག་གཅོད་བྱ་རྒྱུ་ཞེས་གསལ་བ་འདི་ནི། སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུ་སྡུད་སྐོང་གནང་རྗེས་བཅའ་ཁྲིམས་དོན་ཚན་༤༩ནང་གསེས་༡ནང་། སྤྱི་འཐུས་རྩ་འབོར་གྱི་གསུམ་ཆ་གཉིས་ལོངས་དགོས་གསལ་བ་ལྟར། ཉུང་ཚད་མ་ལོངས་པའི་གནས་སྐབས་ཀྱི་བྱེད་ཕྱོགས་ཡིན་པ་ལས། ཚོགས་འདུ་སྡུད་སྐོང་རྩ་བ་ཉིད་ནས་མ་གནང་བ་ཞིག་ལ་བཅའ་ཁྲིམས་དོན་ཚན་༤༩ནང་གསེས་༢ཕྱག་བསྟར་གནང་རྒྱུའི་ཆ་རྐྱེན་ལྡན་གྱི་མི་འདུག་པ་སོགས། སྤྱི་འཐུས་ལྷན་ཚོགས་ནས་བཅའ་ཁྲིམས་འགྲེལ་བརྗོད་དང་ལུང་འདྲེན་གནང་བ་ཁག་རེ་རེ་བཞིན་དགག་རྒྱག་བྱས་འདུག
བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་ལགས་ནས། ཉེ་ལམ་ལས་གནས་ནས་དགོངས་ཞུ་གནང་ཡོད་པར་བརྟེན། གནད་དོན་དེའི་ཐད་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་ལགས་སུ་ཞལ་པར་ཕུལ་ཀྱང་གནས་སྐབས་བཀའ་ལན་གང་ཡང་གནང་མ་སོང་།
ཁྲིམས་ཞིབ་པ་ཟུར་པ་དེའི་ཚོའི་ནང་ཁྲིམས་ཞིབ་པ་ཆེ་བ་ཟུར་པ་གྲ་ཕྱི་ཕུན་རབ་བློ་བཟང་དར་རྒྱས་ལགས་དང་། ཁྲིམས་ཞིབ་པ་ཟུར་པ་ཞེ་བོ་བློ་བཟང་དར་རྒྱས་ལགས། ཁྲིམས་ཞིབ་པ་ཆེ་བ་ཟུར་པ་བྱ་དུར་བསོད་ནམས་བཟང་པོ་ལགས། ཁྲིམས་ཞིབ་བ་ཆེ་བ་ཟུར་པ་གྲལ་ནང་རྣམ་རྒྱལ་ཚེ་རིང༌ལགས། ཁྲིམས་ཞིབ་པ་ཟུར་པ་ཨ་མྱེ་ཚང་ཐུབ་བསྟན་བཀྲ་ཤིས་ལགས། ཁྲིམས་ཞིབ་པ་ཆེ་བ་ཟུར་བ་རྒན་ཆེན་པ་ངག་དབང་འཕེལ་རྒྱལ་ལགས། ཁྲིམས་ཞིབ་པ་ཟུར་པ་ཆུ་སྟེང་ངག་དབང་ཐུབ་བསྟན་ལགས། ཁྲིམས་ཞིབ་པ་ཟུར་པ་ན་མེ་བླ་ཁང་ཚེ་རིང་དོན་གྲུབ་ལགས། ཁྲིམས་ཞིབ་པ་ཟུར་པ་ཆོས་ཁྲི་སྟེང་པ་ངག་དབང་ཆོས་གྲགས་ལགས། ཁྲིམས་ཞིབ་པ་ཆེ་བ་ཟུར་པ་བཀའ་བརྒྱུད་དོན་གྲུབ་ལགས། ཁྲིམས་ཞིབ་པ་ཟུར་པ་འབུམ་རམས་པ་ངག་དབང་རབ་རྒྱལ་ལགས་བཅས་ཀྱི་མིང་འཁོད་འདུག།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།