བལ་ཡུལ་ནང་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་པ་གསུམ་རང་འཇགས་བསྐོ་བཞག་གནང་དགོས་པའི་རེ་སྐུལ་ལས་འགུལ།

2021-05-11
Share
བལ་ཡུལ་ནང་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་པ་གསུམ་རང་འཇགས་བསྐོ་བཞག་གནང་དགོས་པའི་རེ་སྐུལ་ལས་འགུལ། བལ་ཡུལ་ནང་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་པ་གསུམ་རང་འཇགས་བསྐོ་བཞག་གནང་དགོས་པའི་རེ་སྐུལ་ལས་འགུལ་སྐབས། ༥།༡༡།༢༡
རྡོ་རྗེ་རྒྱལ་མཚན།/RFA

བལ་ཡུལ་ནང་གནས་སྡོད་བོད་མི་བརྒྱ་དང་ལྔ་བཅུ་ལྷག་གིས་མཉམ་དུ་བོད་མིའི་སྒྲིག་འཛུགས་བཀའ་ཤག་དང་སྤྱི་འཐུས་བཅས་ལ་འཕོ་འགྱུར་བཏང་བའི་ཁྲིམས་ཞིབ་པ་གསུམ་རང་འཇགས་བསྐོ་བཞག་གནང་དགོས་པའི་རེ་སྐུལ་ལས་འགུལ་སྤེལ་འདུག
ཟླ་༥་ཚེས་༡༡་ཉིན། བལ་ཡུལ་གྱི་རྒྱལ་སའི་མཆོད་འཇོར་ས་གནས་འགོ་འཛིན་ལས་ཁུངས་ཀྱི་མདུན་ཐང་དུ། བོད་མི་མི་ཉུང་བ་འཛོམས་ནས་ཁོང་ཚོས་འབོད་སྐུལ་དོན་ཚན་དྲུག་འཁོད་པའི་འཕྲེད་དར་སྟོན་ནས། ཉེ་ལམ་ཟླ་བ་༣་པའི་ཚེས་༢༥་ཉིན་སྐབས་༡༦་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནང་སྤྱི་འཐུས་རྒྱུན་ལས་ནས་ཆེས་མཐོའི་ཁྲིམས་ཞིབ་པ་གསུམ་འཕོ་འགྱུར་དགོས་པའི་གཞུང་འབྲེལ་གྲོས་འཆར་བཏོན་པ་དེར་གྲོས་ཚོགས་ནང་སྤྱི་འཐུས་ཀྱི་རྩ་འབོར་གྱི་གསུམ་ཆ་གཉིས་ཀྱིས་རྒྱབ་སྐྱོར་ཐོབ་ནས། ཁྲིམས་ཞིབ་པ་གསུམ་ལྡེབ་ཅིག་ལ་འཕོ་འགྱུར་བཏང་བ་དེ་ཁྲིམས་མཐུན་བྱུང་མེད་པར་སོང་ཁྲིམས་ཞིབ་པ་གསུམ་རང་འཇགས་བསྐྱར་དུ་བསྐོ་བཞག་གནང་དགོས་པ་མི་གྲངས་༡༥༠་ཡིས་མཉམ་དུ་བྲིས་བའི་འབོད་སྐུལ་སྙན་ཞུ་ས་གནས་འགོ་འཛིན་བརྒྱུད་སྤྱི་འཐུས་ཚོགས་གཞོན་མཆོག་ལ་ཕུལ་གནང་ཡོད་པ་རེད།
གཞན་ཡང་འཕྲེད་དར་ཐོག་བཀའ་ཤག་དང་སྤྱི་འཐུས་ནི་མི་མང་གི་སྐུ་ཚབ་ཡིན་སྟབས་མི་མང་གི་མངོན་འདོད་ལྟར་བོད་མིའི་སྒྲིག་འཛུགས་སྲ་བརྟན་ཡོང་བ་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་ཐུགས་ཕམ་ཡོང་གཞིའི་ལས་དོན་མ་གནང་རོགས་ཞེས་དང་། ཁྲིམས་ཞིབ་པ་གསུམ་ནས་ཀྱང་ཐོག་མའི་དགོངས་གཞི་ལྟར་སྒྲིག་འཛུགས་སྲ་བརྟན་ཆེད་ལས་དོན་ནོར་འཛོལ་གང་ཡང་གནང་མེད་པར་སོང་རང་འཇགས་ལས་བཅར་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་སོགས་འཁོད་འདུག
མི་མང་གི་སྙན་ཞུ་འབུལ་མཁན་འཐུས་མིའི་གྲས་ཨ་ཚེ་ལགས་ཀྱིས། རྒྱལ་བ་ཡིད་བཞིན་ནོར་བུ་མཆོག་གིས་གནང་བའི་མང་གཙོ་ཀ་བ་གསུམ་ལྡན་ནས་ཀ་བ་གཅིག་མེད་པར་བཟོས་བ་དེ་སླར་གསོ་ཡོང་ཐབས་སུ་ད་རེས་ལས་འགུལ་འདིར་མཉམ་ཞུགས་བྱས་ཚུལ་དང་། ཁྲིམས་ཞིབ་པ་རྣམ་པ་གསུམ་གྱིས་ཁྲིམས་འགལ་བྱས་མེད་པ་གསལ་པོ་ར་སྤྲོད་བྱུང་བས། ཁོང་རྣམ་པ་བསྐྱར་དུ་སྔར་གྱི་ལས་གནས་ཐོག་འཇོག་དགོས་བའི་རེ་སྐུལ་ཞུ་རྒྱུ་ཡིན་པ་ངོ་སྤྲོད་གནང་བྱུང་།
ཡང་ད་རེས་ལས་འགུལ་ནང་མཉམ་ཞུགས་གནང་མཁན་བུད་མེད་འགའ་ཤས་ལས་མེད་པའི་ནང་ནས་ཨ་མ་ཀརྨ་ཆོས་སྒྲོན་ལགས་ཀྱིས། ཁོ་མོ་ལས་འགུལ་འདིར་དང་བླང་གིས་ཞུགས་པ་དང་། གྲོས་ཚོགས་ཀྱི་ཚོགས་འདུ་འཕར་མའི་སྐབས་མཛད་གཙོ་རྣམ་པས་དགོངས་པ་ཆེ་བཞེས་ཐོག་ཁྲིམས་ཞིབ་པ་རྣམ་པ་གསུམ་རང་སོར་ལས་གནས་ཐོག་བསྐོ་འཇོག་དགོས་བའི་རེ་སྐུལ་ཞུ་རྒྱུ་ཡིན་པ་གསུང་ཡོད།
ཡང་ལས་འགུལ་ནང་མཉམ་ཞུགས་པ་ངག་དབང་བརྩོན་འགྲུས་ལགས་ཀྱིས། ད་ཆ་ཁྲིམས་ཞིབ་པ་གསུམ་པོ་འཕོ་འགྱུར་གཏོང་མཁན་གྱི་སྤྱི་འཐུས་འགའ་ཤས་ཀྱིས་ནོར་འཁྲུལ་ཤོར་ཡོད་པ་ངོས་ཟིན་ཐོབ་ཡོད་པས་ད་རེས་གྲོས་ཆོད་དེ་ཕྱིར་འཐེན་བྱེད་དགོས་བའི་རེ་སྐུལ་བྱེད་ཀྱི་འདུག
གཞན་ཡང་བསྟན་འཛིན་མདོ་བསྔགས་ལགས་ཀྱིས་གསུངས་ན། ཏོག་དབྱིབས་རིམས་ནད་གྱིས་རྐྱེན་པས་ལས་འགུལ་འདིའི་ནང་མི་བརྒྱ་དང་ལྔ་བཅུ་ལྷག་མཉམ་ཞུགས་བྱས་ཡོད་པ་ཚང་མ་འཛོམས་ཐུབ་མེད་པ་དང་། ཁོང་རྣམ་པ་ནི་བལ་ཡུལ་ནང་གནས་སྡོད་བོད་མི་མང་པོའི་སྐུ་ཚབ་བྱས་ནས་ཡོང་བ་ཡིན་པས། ད་རེས་གྲོས་ཚོགས་ཚོགས་འདུ་འཕར་མའི་སྐབས་སྔར་གྱི་ཁྲིམས་ཞིབ་པ་དེ་ཚོ་མིན་པར་གསར་པ་བསྐོ་བཞག་གནང་བ་ཡིན་ན་མོས་མཐུན་རྩ་བ་ནས་བྱེད་ཀྱི་མིན་པ་གསུངས་བ་དང་། ལས་འགུལ་བ་གཞན་རྣམ་པས་ཀྱང་གཅིག་མཚུངས་བསམ་ཚུལ་བརྗོད་ཀྱི་འདུག
ད་རེས་ཁོང་རྣམ་པས་རེ་སྐུལ་སྙན་ཞུ་ས་གནས་འགོ་འཛིན་ལ་ཕུལ་སྐབས། མཆོད་འཇོར་ས་གནས་འགོ་འཛིན་ལོ་པཎ་སྤྲུལ་སྐུ་ལགས་ནས། ཁོང་རྣམ་པས་ཕུལ་གནང་བའི་ཕྱག་ཡིག་དེ་བོད་མིའི་སྒྲིག་འཛུགས་ཀྱི་འབྲེལ་ཡོད་ཁག་ལ་འབུལ་རྒྱུ་ཡིན་པ་ངོས་བཞེས་གནང་བ་དང་མཉམ། འབྲེལ་ཡོད་ལས་ཁུངས་ནས་བཀའ་ལན་ཅི་ཡོང་རྗེས་སུ་སྐབས་ཐོག་ལས་འགུལ་བ་ཚོར་འབྲེལ་བ་ཞུ་རྒྱུ་ཡིན་པ་གསུངས་གནང་སོང་།

ལས་འགུལ་བ་རྣམ་པས་སྤྱི་འཐུས་ཚོགས་གཞོན་གྱི་མཚན་ཐོག་ཕུལ་བའི་ཞུ་སྙན་དེའི་ངོ་བཤུས་དགའ་ལྡན་ཕོ་བྲང་ཡིག་ཚང་དང་། བཀའ་ཤག ཁྲིམས་ཞིབ་ཁང་། བལ་ཡུལ་དོན་གཅོད་ལས་ཁང་། ས་གནས་འགོ་འཛིན། ས་གནས་འཐུས་ཚོགས་བཅས་ལ་ཕུལ་གནང་འདུག
ད་ལྟའི་ཆར་བོད་མིའི་སྒྲིག་འཛུགས་ལ་ཁྲིམས་ཞིབ་པ་གསུམ་པོ་མེད་པར་སོང་། ད་རེས་གྲོས་ཚོགས་ཀྱི་ཚོགས་འདུ་འཕར་མའི་སྐབས་ཐག་གཅོད་ཡག་པོ་ཞིག་མ་བྱུང་ཚེ། བོད་མིའི་སྒྲིག་འཛུགས་ཀྱི་བདམས་ཐོན་སྲིད་སྐྱོང་གསར་པ་དང་། སྐབས་བཅུ་བདུན་པའི་སྤྱི་འཐུས་རྣམ་པའི་ལས་འཁུར་དམ་འབུལ་ཞུ་ས་མེད་པའི་གནས་སྟངས་ཆགས་ཡོད་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།