རྒྱ་ནག་ཉེན་རྟོག་པས་སེང་འབྲུག་སྟག་རྩེ་སློབ་གྲྭའི་དགེ་རྒན་རིན་ཆེན་སྐྱིད་ལགས་སུ་རྒྱལ་ཁབ་ལ་ངོ་རྒོལ་བྱས་པའི་ཉེས་མིང་འོག་འཛིན་བཟུང་བྱས་འདུག

2021.08.10
Share on WhatsApp
Share on WhatsApp
རྒྱ་ནག་ཉེན་རྟོག་པས་སེང་འབྲུག་སྟག་རྩེ་སློབ་གྲྭའི་དགེ་རྒན་རིན་ཆེན་སྐྱིད་ལགས་སུ་རྒྱལ་ཁབ་ལ་ངོ་རྒོལ་བྱས་པའི་ཉེས་མིང་འོག་འཛིན་བཟུང་བྱས་འདུག སེམས་ཁམས་མི་སྐྱིད་པའི་གནས་སྟངས་འོག་ཉིན་ཤས་རིང་ཟ་མ་མ་ཟོས་པས། ཉེན་རྟོག་པས་རྒྱལ་ཁབ་ལ་ངོ་ལོག་བྱས་སྐོར་གྱི་ནག་ཉེས་བཙུགས་ཏེ། དར་ལག་རྫོང་གི་རང་ཁྱིམ་ནས་འཛིན་བཟུང་གིས་ཟི་ལིང་གྲོང་ཁྱེར་དུ་བཙན་ཁྲིད་བྱས་ཡོད་པ།
བོད་འབྱོར་།

ཕྱི་ཟླ་༨་ཚེས་༡ཉིན་མཚོ་སྔོན་ཞིང་ཆེན་མགོ་ལོག་དར་ལག་རྫོང་ཁོངས་སུ་ཡོད་པ། ཉེ་སྔོན་རྒྱ་ནག་གཞུང་གིས་སྒོ་བརྒྱབས་པའི་སེང་འབྲུག་སྟག་རྩེ་སྒེར་གཉེར་སློབ་གྲྭར་ལོ་མང་རིང་དགེ་རྒན་གྱི་ཕྱག་ལས་གནང་མྱོང་མཁན། དགེ་རྒན་རིན་ཆེན་སྐྱིད་ལགས་རྒྱ་ནག་གཞུང་གིས་སློབ་གྲྭ་དེ་སྒོ་བརྒྱབས་ནས་དགེ་རྒན་ཚོར་དམ་དྲག་དང་ཞིབ་བཤེར་ཤུགས་ཆེར་བྱས་སྟབས། སེམས་ཁམས་མི་སྐྱིད་པའི་གནས་སྟངས་འོག་ཉིན་ཤས་རིང་ཟ་མ་མ་ཟོས་པས། ཉེན་རྟོག་པས་རྒྱལ་ཁབ་ལ་ངོ་ལོག་བྱས་སྐོར་གྱི་ནག་ཉེས་བཙུགས་ཏེ། དར་ལག་རྫོང་གི་རང་ཁྱིམ་ནས་འཛིན་བཟུང་གིས་ཟི་ལིང་གྲོང་ཁྱེར་དུ་བཙན་ཁྲིད་བྱས་ཡོད་པ། བཙན་བྱོལ་དུ་ཡོད་པའི་འབྲེལ་ཡོད་བོད་མི་མིང་བརྗོད་འདོད་མེད་པ་ཞིག་གིས་འདི་གར་འགྲེལ་བརྗོད་གནང་བྱུང་།
Tibetan _teacher.jpg

གནས་ཚུལ་མཁོ་སྤྲོད་པས་མུ་མཐུད་བརྗོད་དོན་ལ། དགེ་རྒན་རིན་ཆེན་སྐྱིད་ལགས་ནི་སློབ་གྲྭ་དེ་གའི་དགེ་རྒན་རྙིང་ཤོས་ཤིག་ཡིན་པ་དང་། ཉེ་སྔོན་རྒྱ་ནག་གཞུང་གིས་སེང་འབྲུག་སྟག་རྩེ་སློབ་གྲྭ་སྒོ་བརྒྱབས་རྗེས། དགེ་རྒན་ཚོར་དམ་དྲག་དང་དར་ལག་རྫོང་ནས་གཞན་ས་ཆ་གང་དུ་ཡང་འགྲོ་བསྐྱོད་མི་ཆོག་པའི་དམ་དྲག་བྱས་རྐྱེན། ཁོ་མོར་སེམས་ཁམས་མི་སྐྱིད་པ་སོགས་ཀྱི་གནས་སྟངས་འོག་ཉིན་ཤས་རིང་ཟ་མ་སོགས་མ་ཟོས་པས། རྒྱ་ནག་ཉེན་རྟོག་པ་ཁོ་མོའི་ནང་དུ་ཐེངས་ཁ་ཤས་ལ་ཡོང་སྟེ་འདྲི་རྩད་དང་ཁོ་མོའི་སྐད་འཕྲིན་ལ་ཞིབ་བཤེར་སོགས་བྱས་ཏེ། ཉིན་དེར་ཁོ་མོ་བཙན་གྱིས་ཁྲིད་ནས་ས་གནས་ཉེན་རྟོག་ཁང་དུ་ཉིན་གྲངས་གཉིས་རིང་བཀག་བསྐྱིལ་འོག་བཞག་རྗེས། ཟི་ལིང་སྨན་ཁང་དུ་ཁྲིད་དགོས་སྐོར་བརྗོད་ནས་ཁྲིད་ཡོད་ཀྱང་། རྗེས་སུ་གང་དུ་ཁྲིད་ཡོད་སོགས་ཀྱི་གནས་སྟངས་གང་ཡང་མི་ཤེས་པར་གྱུར་ཡོད་སྐོར་བརྗོད་བྱུང་།
འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ད་ལྟའི་ཆར་རྒྱ་ནག་གཞུང་གིས་སེང་འབྲུག་སྟག་རྩེ་སློབ་གྲྭའི་དགེ་རྒན་དང་འབྲེལ་ཡོད་ཚོའི་འགྲོ་འདུག་སྤྱོད་གསུམ་ལ་དམ་དྲག་ཆེན་པོ་བྱེད་བཞིན་ཡོད་པ་མ་ཟད། དགེ་རྒན་ཚོ་མཚམས་རེར་ཉེན་རྟོག་ཁང་དུ་འབོད་འགུག་གིས་འདྲི་རྩད་དང་ཞིབ་བཤེར་སོགས་བྱེད་བཞིན་ཡོད་པ་མ་ཟད། དགེ་རྒན་ཚོར་རང་གི་ས་གནས་ལས་གཞན་ས་ཆ་གང་དུ་འགྲོ་བསྐྱོད་མི་ཆོག་པའི་བཙན་བཀའ་བཏང་ཡོད་པ་དང་། ད་ལྟའི་ཆར་སེང་འབྲུག་སྟག་རྩེ་སློབ་གྲྭ་སློབ་སྒོ་བརྒྱབས་ཡོད་ཀྱང་། འབྲེལ་ཡོད་ཚོས་སློབ་གྲྭའི་ཁང་པ་དང་རྒྱུ་དངོས་སོགས་ཚང་མ་གཞུང་བཞེས་གཏོང་རྒྱུ་ཡིན་པར་འཇིགས་སྣང་ཆེན་པོ་བྱེད་བཞིན་ཡོད་འདུག
ཉེ་སྔོན་ཕྱི་ཟླ་༧ཚེས་༨ཉིན་རྒྱ་ནག་གཞུང་གིས་སེང་འབྲུག་སྟག་རྩེ་སློབ་གྲྭ་སྒོ་བརྒྱབས་པའི་གནས་ཚུལ་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ནས་ཐོག་མར་ཤེས་རྟོགས་བྱུང་བ་བཞིན། སྐབས་དེར་རྒྱ་ནག་གཞུང་གིས་སློབ་གྲྭ་དེར་རྒྱ་ནག་གིས་གཏན་འབེབས་བཞིན་སློབ་ཚན་ལག་བསྟར་དགོས་པ་དང་། སློབ་ཕྲུག་ཚོ་གཞུང་གི་སློབ་གྲྭར་གཏོང་དགོས་པ་དང་རྗེས་ཕྱོགས་སློབ་གྲྭ་དེར་སློབ་གསོའི་ལས་རིགས་གང་ཡང་གཉེར་མི་ཆོག་པའི་བཀོད་ཁྱབ་བཏང་ཡོད་ཀྱང་། སྐབས་དེར་འབྲེལ་ཡོད་གནས་ཚུལ་མཁོ་སྤྲོད་པས་སློབ་གྲྭ་དེ་སྒོ་རྒྱག་དོན་བོད་ཡིག་གཙོ་ཁྲིད་ཀྱི་སློབ་གྲྭ་ཡིན་པས་ཡིན་སྐོར་དང་། སྤྱིར་སློབ་གྲྭ་དེ་ཐོག་མར་འཛུགས་སྐབས་རྒྱ་ནག་གཞུང་གི་ཆོག་མཆན་ཡིག་ཆ་ཚང་མ་ཡོད་པ་སོགས་འགྲེལ་བརྗོད་གནང་ཡོད་པ་རེད།
དགེ་རྒན་རིན་ཆེན་སྐྱིད་ལགས་ནི་འདི་ལོ་ལོ་ན་༤༠་ཡས་མས་ཡིན་པ་དང་། ཁོ་མོ་ལོ་ངོ་༢༠ལྷག་གི་ལོ་རྒྱུས་ཡོད་པའི་སེང་འབྲུག་སྟག་རྩེ་སློབ་གྲྭ་དབུ་བརྙེས་ནས་ཅུང་ཙམ་ལས་མ་འགོར་བར་སློབ་གྲྭ་དེར་དགེ་རྒན་བྱས་ཡོད་པ་དང་། ཁོ་མོས་སློབ་གྲྭ་དེའི་འཛིན་རིམ་གཉིས་པ་དང་གསུམ་པར་བོད་ཡིག་དང་ཨང་རྩིས་ཁྲིད་མྱོང་ཡོད་པ་དང་། ད་ལྟ་ཁོ་མོའི་ཤུལ་དུ་ཨ་མ་དང་བཟའ་ཟླ། ལོ་ན་༡༣ཅན་གྱི་བུ་མོ་བཅས་ནང་མི་༥ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན། ཨོ་རྒྱན་བསྟན་འཛིན།
དྲ་ཐོག་རྩོམ་སྒྲིག་པ། ཨོ་རྒྱན་བསྟན་འཛིན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བསྟན་འཛིན་དཀོན་མཆོག་ལགས་ཀྱིས་ཡུ་ཀྲུབ་སྤྱི་ཚོགས་དྲ་ལམ་ཐོག་རྗེས་འབྲང་པ་ས་ཡ་གཅིག་ལྷག་བྱུང་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎