བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་བཅུ་བཞི་པ་ལ་དྭགས་སུ་ཚོགས་བཞིན་འདུག
དབུས་བོད་ཀྱི་བུད་མེད་ལྷན་ཚོགས་དང་ལ་དྭགས་ས་གནས་བུད་མེད་ལྷན་ཚོགས་གཉིས་མཉམ་རུབ་ཀྱི་གོ་སྒྲིག་བྱས་ནས། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་བཅུ་བཞི་པ་ལ་དྭགས་ལྕོག་ལམ་སར་བསོད་ནམས་གླིང་བོད་མིའི་མཉམ་འབྲེལ་ཚོགས་ཁང་དུ། ཟླ་བ་འདིའི་ཕྱི་ཚེས་༡ཉིན་འགོ་འཛུགས་གནང་ནས་ཉིན་གྲངས་ལྔའི་རིང་ཚོགས་བཞིན་པ་དང་། དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་ཀུན་བདེ་གླིང་རྟ་ཚག་རིན་པོ་ཆེ་དབུས་དམིག་གསལ་སྐུ་མགྲོན་ལ་དྭགས་བསོད་ནམས་གླིང་ལ་སྤྱི་དོན་གྲུབ་བཀྲ་ཤིས་ལགས་དང་། ལ་དྭགས་ནང་པའི་ལྷན་ཚོགས་ཀྱི་དྲུང་ཆེ་ཚེ་རིང་སྒྲོལ་དཀར་ལགས། བོད་ཀྱི་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་སྐྱིད་ཁག་གི་སྐུ་ཚབ་དང་རྒྱ་གར་དང་བལ་ཡུལ་ཁུལ་གྱི་ས་གནས་བུད་མེད་ལྷན་ཚོགས་ཁག་༢༨ནས་ཁྱོན་རྒྱུན་ལས་༧༠ལྷག་མཉམ་ཞུགས་གནང་ཡོད་པ་རེད།
སྐབས་དེར་སྐུ་མགྲོན་གཙོ་བོ་ཀུན་བདེ་གླིང་རྟ་ཚག་རིན་པོ་ཆེ་ཡིས། བོད་མི་ཚོས་ཆོལ་ཁ་དང་ཆོས་ལུགས་ཀྱི་འཐེན་ཁྱེར་མེད་པའི་ཐོག་བོད་སྤྱི་བའི་རྩ་དོན་ཐོག་ནུས་པ་མཉམ་སྤུངས་གནང་གལ་ཆེ་བ་དང་། སྐད་ཡིག་ནི་བོད་མི་རིགས་ཀྱི་བླ་སྲོག་ལྟ་བུ་ཡིན་དུས་བོད་མི་ཚང་མས་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཐོག་དོ་སྣང་གནང་དགོས་བ། བོད་མི་ཚོས་ཆིག་སྒྲིལ་གྱི་ནུས་པ་མཉམ་སྤུངས་དགོས་བ་སོགས་ཀྱི་བཀའ་སློབ་གནང་ཡོད་པ་དབུས་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་སྒྲོལ་མ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བཅར་འདྲིར་གསུངས་བྱུང་།
བསྟན་འཛིན་སྒྲོལ་མ་ལགས་ཀྱིས་མུ་མཐུད་དུ་གསུང་ན། ཚོགས་འདུའི་རིང་རྒྱུན་ལས་རྣམ་པས་ས་གནས་ཁག་གི་ལོ་འཁོར་ལས་བསྡོམས་དང་རྩིས་ཁྲ་ཁག་སྙན་སྒྲོན་དང་། ཕན་ཚུན་གྲོས་བསྡུར་གནང་རྒྱུ། ཕྱི་ལོ་༢༠༢༡ལོའི་ཚོགས་ཆེན་སྐབས་ཀྱི་གྲོས་ཆོད་ཁག་ལག་བསྟར་བྱུང་ཡོད་མེད་སོགས་ལ་རྟོགས་ཞིབ་དང་གྲོས་བསྡུར་གནང་རྒྱུ། གཞན་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་སྒྲིག་འཛུགས་སྔར་ལྷག་ཚགས་ཚུད་སྲ་བརྟན་ཡོང་ཐབས་དང་། ཚོགས་པའི་ཆབ་སྲིད་ཀྱི་ལང་ཕྱོགས། ཆབ་སྲིད་དང་སྤྱི་ཚོགས་ཀྱི་ཞབས་ཞུ་སྔར་ལྷག་བསྒྲུབ་ཆེད་ལས་དོན་སྤེལ་ཕྱོགས་སོགས་ཀྱི་ཐད་གྲོས་བསྡུར་གནང་རྒྱུ་མ་ཟད། གཙོ་ཆེ་ཤོས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱ་དང་བོད་པའི་སྐད་ཡིག་སྲུང་སྐྱོབ། མི་འབོར་འཕེལ་རྒྱས། དེ་བཞིན་ཆོས་ཕྱོགས་དང་འབྲེལ་བའི་ལས་འགུལ་ཐོག་གྲོས་བསྡུར་གནང་འཆར་ཡོད་པ་རེད་འདུག
བོད་ཀྱི་བུད་མེད་ལྷན་ཚོགས་དེ་བཞིན་བཙན་བྱོལ་ནང་གི་བོད་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཤོས་གཉིས་པ་དེ་ཆགས་ཀྱི་ཡོད་པ་དང་། ཚོགས་པ་དེ་བཞིན་ཐོག་མར་ཕྱི་ལོ་༡༩༨༤ ཕྱི་ཟླ་༩ཚེས་༡༠ཉིན་བཙན་བྱོལ་ནང་སླར་གསོ་གནང་ཡོད་པ་དང་། བོད་ཀྱི་བུད་མེད་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཁྱབ་ཁོངས་ཨ་རི་དང་ཡོ་རོབ། ཨེ་ཤེ་ཡ་དང་ཨོསི་ཊརེ་ལི་ཡ་སོགས་སུ་བུད་མེད་ལྷན་ཚོགས་ཀྱི་ཡན་ལག་ས་གནས་ཁག་༥༨དང་ཚོགས་མི་མི་གྲངས་༢༠༠༠༠ཙམ་ཞིག་ཡོད་པ་རེད་འདུག།
གསར་འགོད་པ། པ་སངས་ཚེ་རིང་།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།