སྡེ་དགེའི་ཁུལ་དུ་རྒྱ་ནག་གཞུང་གི་ཆུ་མཛོད་གསར་རྒྱག་ལས་གཞི་མཚམས་འཇོག་སླད་རྒྱལ་ས་ལྡི་ལིར་ཟས་བཅད་ངོ་རྒོལ་ལས་འགུལ་སྤེལ་བ།
རྒྱ་ནག་གཞུང་གིས་སྡེ་དགེ་དབོན་སྟོད་ཁུལ་དུ་ཆུ་མཛོད་གློག་ཁང་གསར་རྒྱག་གི་ལས་གཞིའི་འོག་ཉུང་མཐར་དགོན་པ་དྲུག་དང་གྲོང་ཚོ་གཉིས་གནས་སྤོ་བྱེད་དགོས་པའི་བཙན་བཀའ་བཏང་བའི་རྗེས་འབྲས་སུ། ད་བར་བོད་ནང་ཆུ་མཛོད་ལས་གཞི་དེར་ཞི་རྒོལ་བྱེད་མཁན་བོད་མི་ཆིག་སྟོང་ལྷག་འཛིན་བཟུང་བཀག་ཉར་བྱས་འདུག་ཅིང་། བཙན་བྱོལ་དུ་བོད་མི་རྣམས་ཀྱིས་སོ་སོ་གནས་ཡུལ་རྒྱལ་ཁབ་དང་ཡུལ་ལུང་ཁག་ནང་། རྣམ་པ་འདྲ་མིན་གྱི་ཐོག་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་དང་དཀའ་སྡུག་མྱོང་བཞིན་པའི་སྡེ་དགེའི་མི་མང་ཚོར་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་སྤེལ་མུས་ཡིན་པ་རེད།
དེ་ཡང་འདི་ཚེས་ ༢ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ཁུལ་དུ་མདོ་ཁམས་ཆུ་བཞི་སྒང་དྲུག་དང་སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཐུན་མོང་གིས་གོ་སྒྲིག་འོག་རྒྱ་ནག་གཞུང་ལ་ངོ་རྒོལ་སྐྱོན་བརྗོད་དང་སྦྲགས ཕྱག་ཚོད་ ༢༤ རིང་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་འདུག་ཅིང་། དབུས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཚོགས་གཞོན་པདྨ་གྲུབ་དབང་ལགས་ཀྱིས། ལྡི་ལི་ནས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཞལ་པར་བརྒྱུད་གསུངས་ན། རྒྱ་ནག་གཞུང་གིས། བོད་ས་ཡོངས་རྫོགས་བཙན་བཟུང་བྱས་པ་ནས་བཟུང་། ད་བར་བོད་མིའི་ཆོས་དད་རང་མོས་དང་། ཁོར་ཡུག་སྲུང་སྐྱོབ། འགྲོ་བ་མིའི་ཐོབ་ཐང་བཅས་ལ་ཚོད་འཛིན་གྱིས། སྣོད་བཅུད་གཉིས་ཀར་ཚད་ལས་བརྒལ་བའི་དོ་ཕོག་བཏང་དང་གཏོང་མུས་ཡིན་པ་མ་ཟད། ད་ཆ་སྡེ་དགེའི་ནང་གི་ཛ་དྲག་གནས་ཚུལ་དེར་བློ་འཚབ་ཆེན་པོས་མཐའ་གཅིག་ཏུ་ངོ་རྒོལ་ཡོད་པ་མ་ཟད། ཆུ་མཛོད་གསར་རྒྱག་ལས་གཞི་དེ་འཕྲལ་དུ་མཚམས་འཇོག་དགོས་ཅེས་གསུངས་བྱུང་།
སྡེ་དགེའི་ཁུལ་དུ་རྒྱ་ནག་གཞུང་གིས་ཆུ་མཛོད་ལས་གཞི་དེའི་རྐྱེན་གྱིས། ལོ་རྒྱུས་ཀྱི་དོན་སྙིང་ལྡན་ཞིང་། རིག་གནས་ཀྱི་དཔལ་ཡོན་ལྡན་པའི་དབོན་སྟོད་དགོན་དང་། ལྷ་འབྲང་དགོན་པ། ཡེ་ན་དགོན་པ། མཁར་མདོ་དགོན། སྤོམ་བྲག་དགོན། བཀྲི་ཤིས་དགོན། འགིས་ཐོ་དགོན། དགོན་གསར་དགོན། རབ་བརྟན་དགོན་བཅས་དགོན་ཁག་བརྒྱད་དང་། བོད་མིའི་ཕོ་རྒྱུད་བུ་རྒྱུད་ནས་ཡོང་བའི་གྲོ་ཚོང་གཉིས་བཅས་གནས་སྤོ་བྱེད་དགོས་པ་རྒྱ་ནག་གཞུང་གིས་བཙན་བཀའ་བཏང་ཡོད་པར་བརྟེན། ལས་གཞི་དེར་མཚམས་འཇུག་ཡོང་སླད་ཁུལ་དེར་གནས་སྡོད་བོད་མི་ཚོས་སྤྱི་ཟླ་ ༢ པའི་ཚེས་ ༡༤ ནས་བཟུང་ད་བར་ཞི་རྒོལ་བྱེད་མུས་ཡིན་པ་རེད།
གཞན་ཡང་ཉེ་ལམ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་བའི་ནང་། རྒྱ་ནག་གཞུང་གིས། སྡེ་དགེའི་ཁུལ་དུ་གནས་སྡོད་བོད་མི་ཚོར་དྲག་གནོན་ཤུགས་ཆེ་བྱེད་བཞིན་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྐྱོན་འཛུགས་ནན་པོ་བྱེད་ཀྱི་ཡོད་ལ། རྒྱ་གཞུང་གིས། འབྲི་ཆུའི་ཆུ་མཛོད་ལས་གཞི་ལ་ཞི་རྒོལ་བྱེད་མཁན་བོད་མི་ཆིག་སྟོང་ལྷག་འཛིན་བཟུང་བཀག་ཉར་བྱས་ཡོད་པ་དེ་དག་འཕྲལ་དུ་གློལ་གྲོད་གཏང་དགོས་པའི་རེ་འདུན་བཏོན་འདུག དེ་དང་ཕྱོགས་མཚུངས་ཁེ་ན་ཌ ཨ་རི་དང་ཡོ་རུབ རྒྱ་གར་སོགས་བོད་མི་གནས་ཡུལ་འཛམ་གླིང་ས་ཕྱོགས་གང་སར་རྣམ་པ་འདྲ་མིན་གྱི་ཐོག་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་མུས་ཡིན་པ་རེད་ལ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས། བསླེབ་ལ་ཉེ་བའི་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུ་དྲན་ཐེངས་ ༦༥ པའི་སྐབས། བོད་མི་ཚང་མས་གཅིག་སྒྲིལ་གྱི་སྒོ་ནས་གང་མང་མཉམ་ཞུགས་གནང་རོགས་ཞེས་གསལ་བསྒྲགས་གནང་བཞིན་འདུག
གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།