བོད་ནང་རྒྱ་གར་གྱི་བོད་མི་ཚོར་འབྲེལ་བ་བྱས་མི་ཆོག་པ་དང་།༸གོང་ས་མཆོག་གི་སྐུ་པར་ཕྱིར་བསྡུ་དམ་དྲག་བྱེད་བཞིན་པ།

2022.02.10
Share on WhatsApp
Share on WhatsApp
བོད་ནང་རྒྱ་གར་གྱི་བོད་མི་ཚོར་འབྲེལ་བ་བྱས་མི་ཆོག་པ་དང་།༸གོང་ས་མཆོག་གི་སྐུ་པར་ཕྱིར་བསྡུ་དམ་དྲག་བྱེད་བཞིན་པ། བོད་ནང་གི་རྒྱ་གར་དུ་འགྲོ་མྱོང་མཁན་བོད་མི་ཚོ་ཉི་མ་རེ་རེ་བཞིན་ས་གནས་ཉེན་རྟོག་ལས་ཁུངས་སུ་སྐད་བཏང་སྟེ་འདྲི་ཞིབ་བྱེད་པ་མ་ཟད། ཧ་ལམ་ཉི་མ་རེ་རེའི་གནས་སྟངས་ཡར་ཞུ་བྱ་དགོས་འདུག
Representation image/ Reuters

ཉེ་ལམ་ནས་རྒྱ་ནག་ནང་རྒྱལ་སྤྱིའི་དགུན་དུས་ཨོ་ལིམ་ཕིཀ་སི་འཚོག་བཞིན་པའི་གནས་སྟངས་ལ་བརྟེན། རྒྱ་ནག་གཞུང་གིས་མདོ་སྨད་རྔ་བ་བོད་རིགས་རང་སྐྱོང་ས་ཁུལ་དང་ཀན་ལྷོ་བོད་རིགས་རང་སྐྱོང་ས་ཁུལ་གྱི་ཁོངས་གཏོགས་སུ། བོད་མི་ཚོར་ཁ་པར་དང་སྐད་འཕྲིན་གྱི་བརྒྱུད་ལམ་ནས་རྒྱ་གར་ནང་གི་བོད་མི་ཚོར་འབྲེལ་བ་བྱས་མི་ཆོག་པ་དང་། བོད་ནང་གི་རྒྱ་གར་དུ་འགྲོ་མྱོང་མཁན་བོད་མི་ཚོ་ཉི་མ་རེ་རེ་བཞིན་ས་གནས་ཉེན་རྟོག་ལས་ཁུངས་སུ་སྐད་བཏང་སྟེ་འདྲི་ཞིབ་བྱེད་པ་མ་ཟད། ཧ་ལམ་ཉི་མ་རེ་རེའི་གནས་སྟངས་ཡར་ཞུ་བྱ་དགོས་པ་དང་༸གོང་ས་མཆོག་གི་སྐུ་པར་ཕྱིར་བསྡུ་བྱེད་པ་སོགས།སྔར་དང་མི་འདྲ་བའི་དོགས་ཟོན་ཆེན་པོ་བྱེད་བཞིན་པར་བརྟེན། བོད་ནང་གི་བོད་མི་ཚོར་ཕྱི་རྒྱལ་ནས་ཁ་པར་ཡོང་ན་འཇིགས་སྣང་ཆེན་པོ་བྱ་དགོས་སུ་གྱུར་ཡོད་པ། བོད་ནང་གི་བོད་མི་ཞིག་གིས་འགྲེལ་བརྗོད་གནང་གི་འདུག
རྒྱ་གར་རྡ་རམ་ས་ལར་གནས་སྡོད་བཙན་བྱོལ་བོད་མི་ཁྲི་སྲོང་རྡོ་རྗེ་ལགས་སུ་བོད་ནས་ཁུངས་ལྡན་གནས་ཚུལ་འབྱོར་བ་ངོ་སྤྲོད་གནང་ན། ཉེ་ལམ་ནས་མདོ་སྨད་ཐེ་བོ་རྫོང་ཁོངས་སུ་ས་གནས་རེ་རེ་བཞིན། རྒྱ་ནག་གཞུང་གི་འབྲེལ་ཡོད་ལས་བྱེད་དང་ཉེན་རྟོག་པ་ཚོས་མྱུལ་ཞིབ་ཀྱིས། རྒྱ་གར་དུ་གནས་སྡོད་བོད་མི་ཚོར་འབྲེལ་བ་བྱས་མི་ཆོག་ལུགས་བཙན་བཀའ་བཏང་ཡོད་པའི་ཁར། བོད་མིའི་ཁ་པར་དང་སྐད་འཕྲིན་སོགས་བསྔོག་བཤེར་བྱས་ཡོད་པ་འགྲེལ་བརྗོད་གནང་གི་འདུག
གཞན་ཁོང་གིས་མདོ་སྨད་རྔ་བ་བོད་རིགས་རང་སྐྱོང་ས་ཁུལ་དུ་རྒྱ་གར་ནང་འགྲོ་བསྐྱོད་མྱོང་བའི་བོད་མི་ཚོར་དམིགས་བསལ་ལྟ་རྟོག་དང་། ཁོང་ཚོའི་ཉི་མ་རེ་རེའི་གནས་ཚུལ་སྙན་སེང་ཞུ་དགོས་པ་སོགས་བཟོས་ཡོད་པ་མ་ཟད། ཀན་ལྷོ་བོད་རང་སྐྱོང་ཁུལ་དུའང་རྒྱ་གར་ནང་འགྲོ་མྱོང་བའི་བོད་མི་ཚོས་གཞུང་གི་ལས་ཀ་བྱས་མི་ཆོག་པ་དང་། ལྷག་པར་རྒྱ་གར་ནས་ཡོང་བ་ཚོར་ཁ་བྲལ་གྱི་བསམ་བློ་ཡོད་པས། སློབ་གསོ་དང་ཤེས་ཡོན་སྡེ་ཁག་ཏུ་གཏན་ནས་ལས་ཀ་བྱས་མི་ཆོག་པ་ཡོངས་གྲགས་བཟོས་པ་སོགས་འགྲེལ་བརྗོད་གནང་གི་འདུག
གཞན་ཡང་བོད་མི་ཁྲི་སྲོང་རྡོ་རྗེ་ལགས་ནས་ཁུངས་ལྡན་གནས་ཚུལ་འགྲེལ་བརྗོད་གནང་ན། རྔ་བ་རང་སྐྱོང་ས་ཁུལ་དང་ཀན་ལྷོ་རང་སྐྱོང་ས་ཁུལ་གྱི་འབྲོག་རྫོང་ཁག་ཏུ། དེང་སང་རྒྱ་ནག་གཞུང་གིས་༧རྒྱལ་བ་རིན་པོ་ཆེའི་སྐུ་པར་ཕྱིར་བསྡུ་བྱེད་བཞིན་པ་ངོ་སྤྲོད་གནང་གི་འདུག
བོད་ནས་ཁུངས་ལྡན་གནས་ཚུལ་ཡོང་ཁུངས་ཁ་ཤས་ནས་འགྲེལ་བརྗོད་གནང་ན། དེང་སང་བོད་ནང་གི་རྔ་བ་བོད་རིགས་རང་སྐྱོང་ས་ཁུལ་དང་ཀན་ལྷོ་བོད་རིགས་རང་སྐྱོང་ས་ཁུལ་གྱི་འབྲོག་ས་ཁག་ཏུ། རྒྱ་གར་ལ་སྒོར་མོ་བསྐུར་མཁན་དང་བསྔོ་རྟེན་འཇོག་མཁན་རིགས་རྒྱ་ནག་གཞུང་གིས་ཤེས་རྟོགས་བྱུང་བ་ཚོར།ཁ་པར་འཕྲོག་པ་དང་དངུལ་བྱང་གི་སྒོ་བརྒྱབས་པ། ཉེན་བརྡ་བཏང་བ་སོགས་མདོར་ན་རྒྱ་གར་ལ་སྒོར་མོ་བསྐུར་རྒྱུར་དམ་དྲགས་ཆེན་པོ་བྱེད་བཞིན་པ་རེད།


གསར་འགོད་པ།  བློ་བྷེ།
རྩོམ་སྒྲིག་པ།  བསྟན་འཛིན་འཕགས་སྒྲོན། 
དྲ་ཐོག་སྤེལ་མཁན།  བསྟན་འཛིན་འཕགས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བསྟན་འཛིན་དཀོན་མཆོག་ལགས་ཀྱིས་ཡུ་ཀྲུབ་སྤྱི་ཚོགས་དྲ་ལམ་ཐོག་རྗེས་འབྲང་པ་ས་ཡ་གཅིག་ལྷག་བྱུང་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎