༄༅༎ཕྱི་ལོ་ ༢༠༡༡ ཟླ་ ༡༡ ཚེས་ ༧ ཉིན་གནས་ཚུལ་འབྱོར་བར། འདི་ཟླའི་ཚེས་ ༤ ཉིན་གྱི་བོད་ནང་གི་སྔ་དྲོའི་དུས་ཚོད་ ༡༠ ཙམ་ལ་རྔ་བ་རྫོང་ཕྱུགས་ལས་འགབ་མའི་ཀ་ཀ་ཚང་གི་བུ་རྔ་པ་ཀིརྟི་དགོན་པའི་དགེ་འདུན་ཕ་མིང་ཀ་ཀ་དང་། མ་མིང་ལ་སྒྲོན་རིས་ཡིན་པ་རང་ལོ་༡༩ར་སོན་པ་ཡོན་ཏན་ལགས་རང་ཤག་ནས་འཛིན་བཟུང་བྱས་ཡོད་པ་དང་། ཡང་འདི་ཟླའི་ཚེས་ ༦ ཉིན་གྱི་ཕྱི་དྲོའི་དུས་ཚོད་ ༣ ཙམ་ལ་རྔ་བ་རྫོང་ཁྲིན་ཀན་སྡེ་བ་ནས་ཡིན་པའི་རྔ་པ་ཀིརྟི་དགོན་གྱི་དགེ་འདུན་ཕ་ མིང་བསོད་ནམས་དར་རྒྱས་དང་། མ་མིང་ལ་བསོད་ནམས་སྒྲོལ་མ་ཡིན་པ་རང་ལོ་༢༡ལས་སོན་པའི་བློ་པེ་ལགས་དགོན་པའི་གླིང་བར་ནས་འཛིན་བཟུང་གིས་བཙན་ཁྲིད་བྱས་ཡོད་འདུག ཁོང་གཉིས་དེང་སྐབས་གང་དུ་བཀག་ཉར་བྱས་ཡོད་མེད་དང་། བཀག་ཉར་བྱེད་དགོས་པའི་རྒྱུ་མཚན་ཇི་ཡིན་སོགས་འབྲེལ་ཡོད་ལ་གསལ་བཤད་གང་ཡང་བྱས་མེད་འདུག
དེང་སྐབས་རྔ་བའི་རོང་འབྲོག་གི་སྡེ་བ་ཚང་མར་ལས་བྱེད་ཚན་ཁག་སྐོར་བསྐྱོད་ཀྱིས་མི་ཚང་རེ་རེ་བཞིན་དུ་རང་ལོ་བཅོ་བརྒྱད་མ་ལོན་པའི་ཕྲུ་གུ་རྣམས་ས་གནས་གང་དུ་ཡོད་ཀྱང་འཕྲལ་དུ་རྒྱ་ནག་གཞུང་གི་སློབ་གྲྭར་འགྲོ་དགོས་པའི་བཙན་སྐུལ་བྱེད་བཞིན་པ་དང་། གལ་སྲིད་ནང་མིས་མ་བཏང་ཚེ་ཕྲུ་གུ་རེར་རྒྱ་སྒོར་༣༠༠༠། ཉེས་ཆད་གཅོད་རྒྱུ་ཡིན་པའི་འཇིགས་སྐུལ་བྱས་པ་དང་། མི་ཚང་ཁ་ཤས་ཀྱིས་ཕྲུ་གུ་དགོན་པའི་ནང་གྲྭ་པ་བྱས་ཡོད་ཚུལ་བརྗོད་པར་རྩ་བ་ནས་ཉན་འཇོག་བྱེད་ཀྱིན་མེད་པར་ངེས་པར་རྒྱ་གཞུང་གི་སློབ་གྲྭར་གཏོང་དགོས་ལུགས་བརྗོད་པར་བརྟེན། མི་ཚང་ཁ་ཤས་ཀྱིས་ཕྲུ་གུ་དགོན་པ་ནས་བླངས་ཏེ་གཞུང་གི་སློབ་གྲྭར་བཏང་དགོས་བྱུང་ཡོད་འདུག
ཡང་དེང་སྐབས་རྔ་བའི་ཁྲོམ་གཞུང་སོགས་ལ་སྒྲིག་ཆས་གྱོན་པ་ལས་མ་གྱོན་པའི་དམག་མི་དང་ཉེན་རྟོག་པ་མང་པོ་འགྲེམས་འཇོག་བྱས་ཡོད་པ་དང་། ལྷག་པར་དུ་ཉེ་ཆར་རང་ལུས་མེར་སྲེག་གི་དོན་རྐྱེན་བྱུང་སའི་ཁྲོམ་ལམ་དབུས་མའི་ལམ་འགྲམ་གཡས་གཡོན་ཚང་མར་བཀག་སྡོམ་ནན་པོ་བྱས་ཡོད་འདུག
རྔ་བ་ཀིརྟི་དགོན་པའི་ནང་ལ་རྒྱ་གཞུང་གི་ལས་བྱེད་པ་༢༠༠ ལྷག་ད་ལྟ་ཡང་མུ་མཐུད་ཉིན་མཚན་གཉིས་ཀར་བསྡད་ནས་དགེ་འདུན་པ་རྣམས་ཀྱི་ཉིན་རེའི་བྱེད་སྒོ་ཁག་ལ་ལྟ་རྟོག་བྱེད་བཞིན་པ་དང་། དུས་ངེས་མེད་དུ་སྐབས་རེར་དགོན་པའི་ལས་སྣེ་རྣམས་དང་། ཡང་སྐབས་རེར་སྐྱོར་དཔོན་རྣམས། ཡང་སྐབས་རེར་དགེ་རྒན་རྣམས་བཅས་ཚོགས་འདུ་བསྐོངས་ནས་འཆར་ཅན་གྱི་བྱེད་སྒོ་ཁག་ལ་བར་ཆད་གཏོང་གི་ཡོད་འདུག་ཅིང་། དགེ་འདུན་པ་རྣམས་ཀྱིས་ད་ལྟ་དགོན་པའི་ནང་ཡོད་པའི་ལས་བྱེད་པ་མང་པོའི་ལས་གནས་གསལ་པོ་མེད་སྟབས། དེ་དག་གི་གྲས་སུ་གསང་བའི་མི་སྣ་དང་། དམག་མི། ཉེན་རྟོག་པ་བཅས་ཡོད་པའི་དོགས་པ་བྱེད་བཞིན་ཡོད་འདུག།
