རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པའི་ཚོགས་མིའི་ནང་རྒྱ་ནག་བདམས་པར་སྐྱོན་བརྗོད།
2020.10.14
མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་མིའི་ནང་རྒྱ་ནག་བདམས་པར་བོད་མིའི་སྒྲིག་འཛུགས་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་སྐྱོན་བརྗོད་གནང་འདུག
འདི་ཚེས་༡༣་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་༧༥་དང་འབྲེལ། ལྷན་ཚོགས་ཀྱི་ཚོགས་མི་འོས་བསྡུ་བྱས་པའི་སྐབས། རྒྱ་ནག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་མིའི་ནང་བདམས་པར་བོད་མིའི་སྒྲིག་འཛུགས་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་སྐྱོན་བརྗོད་གནང་གི་འདུག
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་པདྨ་འབྱུང་གནས་ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་ནང་གཙོས་གྲངས་ཉུང་མི་རིགས་ས་ཁུལ་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་དང་གཏོང་བཞིན་པའི་སྐབས་འདིར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་མིའི་ཁོངས་སུ་བདམས་པ་ནི། འོས་འཚམས་མིན་པ་དང་སྒྲིག་འཛུགས་རང་གི་ཆེ་མཐོང་ལ་གནོད་ཕྱག་ལས་ཡིན་པ་གསུང་གནང་གི་འདུག
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་རྒྱ་ནག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་མིར་སླར་ཡང་བདམས་པ་ནི། ལྷན་ཚོགས་ཀྱི་ཆ་འཇོག་ལ་བསུབ་ཏུ་མེད་པའི་དྲི་ནག་ཞིག་ཆགས་ཡོད་ཅིང། རྒྱ་ནག་གཞུང་གིས་བོད་གཙོས་པའི་ཤར་ཏུར་ཀིསུ་ཐན་ནམ་ཤིན་ཅིང་དང་། ཧོང་ཀོང་། ལྷོ་སོག་པོ་སོགས་ཀྱི་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་ཡོད་པ་དང་། བོད་ནང་འགྲོ་བ་མིའི་ཐོབ་ཐང་ཇེ་ཞན་ཇེ་སྡུག་ཏུ་ཕྱིན་ཡོད་ཅིང་། ཞིང་འབྲོག་བོད་མི་རྣམས་ངལ་རྩོལ་བསྒྱུར་ཐབས་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་པ་སོགས་ཀྱི་སྐབས་འདིར་གལ་གནད་ཆེ་བའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནང་། རྒྱ་ནག་བདམས་པ་ནི་ལྷན་ཚོགས་ཀྱི་ཆེ་མཐོང་ལ་གནོད་པ་ཆགས་ཡོད། ཡིན་ནའང་དེ་སྔ་༢༠༡༦ལོར་རྒྱ་ནག་ལ་འོས་འཕེན་མཁན་རྒྱལ་ཁབ་༤༡གིས་ད་རེས་རྒྱབ་སྐྱོར་མ་གནང་བ་དེ་རྒྱ་ནག་གི་སྟོབས་ཤུགས་ཉམས་བཞིན་པའི་མཚོན་རྟགས་ཡིན། འཛམ་གླིང་འདི་སྲུང་སྐྱོབ་ཆེད་དུ་རྒྱལ་ཁབ་མང་ཙམ་མཉམ་འབྲེལ་ཐོག་མདུན་དུ་ཐོན་ནས་རྒྱ་ནག་གི་འོག་དཀའ་སྡུག་མྱོང་བཞིན་པའི་རྒྱལ་ཁབ་ཚོར་རྒྱབ་སྐྱོར་གནང་དགོས་པ་གསུང་གནང་འདུག
ཡང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་ལགས་ཀྱིས། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་སའི་གདེང་ཆ་འདིའི་ཐོག་ལ་རྒྱ་ནག་ལྟ་བུ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་གྱི་རྒྱལ་ཁབ་ཞིག་སླེབས་དུས། ལྷན་ཚོགས་དེ་ལ་ཡིད་ཆེས་བརླག་པའི་ཉེན་ཁའི་དུས་སུ་སླེབས་ཡོད་པ་མ་ཟད། འདི་ནི་རྒྱ་ནག་གཞུང་གི་ངན་བྱུས་ཤིག་ཡིན་པ་གསུང་གནང་གི་འདུག
མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སུ་འོས་འདེམས་བྱས་པའི་འཐུས་མི་༤༧ཡོད་པ་དེ་དག་གི་དུས་ཡུན་ལོ་གསུམ་ཡིན། འོན་ཀྱང་། ལྷན་ཚོགས་དེའི་ནང་སྐབས་གཉིས་བསྟུད་མར་འཐུས་མི་གནང་མྱོང་མཁན་གང་ཟག་ཅིག་སླར་ཡང་འོས་འདེམས་བྱེད་ཆོག་གི་མེད་པ་མ་ཟད། གོང་ཞུས་ལྷན་ཚོགས་དེའི་ནང་ཡོད་པའི་འཐུས་མི་དེ་དག་ས་བབས་གནས་སྟངས་ལ་གཞིགས་ནས། ཨ་ཧྥི་རི་ཀའི་སྡེ་ཚན་གྱི་རྒྱལ་ཁབ་ཁག་༡༣ ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་རྒྱལ་ཁབ༡༣ ཤར་ཡོ་རོབ་ཀྱི་སྡེ་ཚན་གྱི་རྒྱལ་ཁབ་༦ ལཱ་ཏན་ཨ་མི་རི་ཀ་དང་ཀེ་རི་བྷིན་སྡེ་ཚན་གྱི་རྒྱལ་ཁབ་༨ ནུབ་ཡོ་རོབ་དང་རྒྱལ་ཁབ་གཞན་གྱི་སྡེ་ཚན་༧ བཅས་འཐུས་མི་རྒྱལ་ཁབ་༤༧ ཆ་བགོས་བྱས་ཡོད་པ་རེད།