མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་ཐེངས་༥༡པ་ཚོགས་བའི་སྐབས་དང་བསྟུན། ཨ་རིའི་གཞུང་ཚབ་ཀྱིས་༸རྒྱལ་བ་རིན་པོ་ཆེའི་༸སྐུའི་ཡང་སྲིད་སྐོར་གླེང་སློང་གནང་རྒྱུ་ཡིན་འདུག

2022.09.24
མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་ཐེངས་༥༡པ་ཚོགས་བའི་སྐབས་དང་བསྟུན། ཨ་རིའི་གཞུང་ཚབ་ཀྱིས་༸རྒྱལ་བ་རིན་པོ་ཆེའི་༸སྐུའི་ཡང་སྲིད་སྐོར་གླེང་སློང་གནང་རྒྱུ་ཡིན་འདུག མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཨ་རིའི་གཞུང་ཚབ་ཆེན་མོ་ལྕམ་Michelle Taylorལགས་དང་སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་རྣམ་གཉིས། ༢༠༢༢།༠༨།༢༥
CTA

སུད་སི་རྒྱལ་ས་ཇི་ནི་ཝའི་Genevaནང་རྟེན་གཞི་བྱས་པའི་ཨ་མི་རི་ཀའི་གཞུང་ཚབ་ཁང་གིས་གོ་སྒྲིག་འོག་རིང་མིན་སྤྱི་ཟླ་༡༠པའི་ཚེས་༤ཉིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་ཐེངས་༥༡པ་ཚོགས་རྒྱུ་ཡིན་པ་དང་སྟབས་བསྟུན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་པའི་༸སྐུའི་ཡང་སྲིད་དང་དེའི་འབྱུང་འགྱུར་འཛམ་གླིང་ནང་ཤུགས་རྐྱེན་ཇི་ལྟར་ཐེབས་མིན། དེ་བཞིན་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་སོགས་ཀྱི་ཐད་གོ་བསྡུར་གནང་རྒྱུ་ཡིན་འདུག་པ་དེ་ནི་གཞུང་གཅིག་གིས་བགྲོ་གླེང་ལྷན་ཚོགས་འདི་ལྟ་བུ་གོ་སྒྲིག་ཞུས་པ་ལོ་རྒྱུས་ནང་ཐེངས་དང་པོ་ཆགས་ཀྱི་ཡོད་འདུག

བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱས་པའི་བོད་ཀྱི་དཔེ་མཛོད་ཁང་གི་ངེས་སྟོན་པ་དགེ་བཤེས་ལྷག་རྡོར་ལགས་ཀྱིས། ༸སྐུའི་ཡང་སྲིད་ཀྱི་གནད་དོན་ནི་ཧ་ཅང་གི་གལ་འགངས་ཆེན་པོ་ཆགས་ཡོད་པ་མ་ཟད། བླ་སྤྲུལ་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་འདི་ནི་བོད་བརྒྱུད་ནང་བསྟན་གྱི་མཐུན་མོང་མ་ཡིན་པའི་སྲོལ་རྒྱུན་རིག་གཞུང་ཞིག་ཡིན་པས། དེར་རྒྱ་ནག་དམར་ཤོག་གིས་ཐེ་བྱུས་བྱེད་དབང་མེད་ཀྱང་། ད་སྐབས་རྒྱ་ནག་གཞུང་གིས་སྲོལ་རྒྱུན་རིག་གཞུང་དེ་ཆབ་སྲིད་དང་འབྲེལ་ནས་བདེ་སྤྱོད་ཀྱིས། བོད་ཀྱི་རིག་གཞུང་དེ་དག་ནག་སུབ་གཏོང་ཐབས་བྱེད་ཀྱི་ཡོད་པ་དེས་འཛམ་གླིང་སྤྱི་ཡོངས་ལ་དོ་ཕོག་འགྲོ་ཉེན་ཆེ་ཞེས་འགྲེལ་བརྗོད་གནང་བྱུང་། 

ཡང་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས། ཨ་མི་རི་ཀའི་གཞུང་གིས་བོད་ཀྱི་གནད་དོན་དེ་གལ་ཆེར་ངོས་འཛིན་གྱིས། རིང་མིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་ཐེངས་༥༡ པའི་སྐབས་དང་བསྟུན། གླེང་སློང་གནང་རྒྱུ་ཡིན་པ་དེ་ནི་ཧ་ཅང་གི་གལ་འགངས་ཆེན་པོ་ཆགས་ཡོད་པ་གསུངས་ཤིང་། མ་འོངས་པ་ཨ་རི་ཙམ་མིན་པར་མཐུན་ཕྱོགས་རྒྱལ་ཁབ་ཚོས་ཀྱང་བོད་དོན་ཐོག་གླེང་སློང་དང་དོ་སྣང་ཡོང་བའི་རེ་བ་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་། 

ད་རེས་ཚོགས་ལ་ཉེ་བའི་ལྷན་ཚོགས་དེའི་ཐོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཨ་མི་རི་ཀའི་གཞུང་ཚབ་ཆེན་མོ་ལྕམ་ Michele Taylor ལགས་དང་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་ Uzra Zeya རྣམ་གཉིས་ལྷན་བཞུགས་ཀྱིས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་པའི་སྐུའི་ཡང་སྲིད་གནད་དོན་དང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་ཐད་གཏམ་བཤད་གནང་རྒྱུ་ཡིན་འདུག

ཨ་མི་རི་ཀའི་གཞུང་ཚབ་ཆེན་མོ་ལྕམ་ Michele Taylor ལགས་ནི། འགྲོ་བ་མིའི་ཐོབ་ཐང་གོང་མཐོར་དང་འབྲེལ་བའི་ལས་འགུལ་སྤེལ་མཁན་དང་དེའི་ཐོག་ཆེད་ལས་པ་ཞིག་ཀྱང་ཡིན་འདུག་པ་མ་ཟད། སྤྱི་ལོ་༢༠༢༢ ལོའི་༢ ཚེས་༢༢ ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཨ་མི་རི་ཀའི་གཞུང་ཚབ་ཆེན་མོའི་ལས་ཁུར་དམ་འབུལ་ཞུས་འདུག

ཡང་ཨ་མི་རི་ཀའི་སྲིད་འཛིན་Biden སྲིད་གཞུང་གིས་ལྕམ་Uzra Zeya བོད་དོན་དམིགས་བསལ་འབྲེལ་མཐུད་པར་བསྐོ་བཞག་གནང་བའི་རྗེས། ཁོང་མོ་དེ་སྔོན་རྒྱ་གར་དང་བལ་ཡུལ་ནང་ཆེད་ཕེབས་ཀྱིས་བཙན་བྱོལ་བོད་མིའི་གནས་སྟངས་དང་དཀའ་སྡུག་སོགས་རྒྱུས་ལོན་གནང་ཡོད་པ་མ་ཟད། འདི་ལོའི་སྤྱི་ཟླ་༥ པའི་ཚེས་༡༩་ཉིན་བཞུགས་སྒར་རྡ་རམ་ས་ལར་ཕེབས་འབྱོར་གྱིས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་བཅར་ཞུས་ཡོད་པ་རེད།

ད་དུང་རིང་མིན་ཚོགས་ལ་ཉེ་བའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་ཐེངས་༥༡ པའི་སྐབས། ཟུར་དུ་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་International Tibet Network གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་སྙན་ཐོ་ཞིག་ཀྱང་འདོན་སྤེལ་བྱེད་རྒྱུ་ཡིན་འདུག 

གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ། 
དྲ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབོན་སྟོད་དགོན་པའི་ཕྱག་མཛོད་བགྲེས་པ་དང་གྲོང་ཚོའི་ལས་བྱེད་པ་གཉིས་ཀྱི་གྱོད་དོན་གཞུང་ཕྱོགས་གྱོད་ཞིབ་པར་རྩིས་སྤྲད་ཟིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎