ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་སྤྱི་མང་བདེ་འཇགས་དང་མང་གཙོ། འགྲོ་བ་མིའི་ཐོབ་ཐང་ལས་དོན་གྱི་དྲུང་ཆེ་གཞོན་པ་དང་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་མཆོག་གིས་བོད་ནང་རྒྱ་ནག་གཞུང་གིས་བཙན་བཤེད་ཀྱི་ཐོག་ནས་རིགས་རྫས་ DNA དཔེ་མཚོན་བསྡུ་རུབ་བྱེད་བཞིན་པ་དེ་དག་འཕྲལ་དུ་མཚམས་འཇོག་གིས་བོད་མིའི་གཞི་རྩའི་རང་དབང་ལ་གུས་བརྕི་དགོས་ལུགས་གསུངས་འདུག
དེ་ཡང་ཨ་མི་རི་ཀའི་ཕྱི་སྲིད་ལས་ཁུངས་ཀྱི་དྲུང་ཆེ་གཞོན་པ་དང་བོད་དོན་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་ལྕམ་ཨུཛ་རཱ་ ཛི་ཡ་མཆོག་གིས་ཕྱི་ཚེས་༨ཉིན་སྤྱི་ཚོགས་དྲྭ་ལམ་ཀྲུ་ཀྲར་བརྒྱུད། རྒྱ་ནག་གཞུང་གིས་བོད་ཁྱོན་ཡོངས་སུ་མཐའ་ན་བྱིས་པ་ལོ་ན་ལྔ་ཚུན་ཆད་ཀྱི་འདོད་པ་ཡོད་མིན་ལ་མ་ལྟོས་པར་རིགས་རྫས་དཔེ་མཚོན་ནམ་DNA གཟུངས་ཁྲག་བསྡུ་རུབ་བྱས་དང་བྱེད་བཞིན་པའི་གནས་ཚུལ་སྙན་ཐོ་བཏོན་པ་དེ་རིགས་ནི་ཧ་ཅང་བློ་འཚབ་སྐྱེས་གཞི་ཞིག་རེད། དེ་འདྲ་ཡིན་དུས་རྒྱ་ནག་གཞུང་ལ་འདི་ལྟ་བུའི་སྡུག་རྩུབ་ཀྱི་སྲིད་བྱུས་འཕྲལ་དུ་མཚམས་འཇོག་གིས་བོད་མི་ཚོའི་གཞི་རྩའི་རང་དབང་ལ་གུས་བརྩི་ཞུ་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་བཀོད་གནང་ཡོད་འདུག དམིགས་བསལ་འབྲེལ་མཐུད་སྐུ་ཚབ་ལྕམ་ཨུཛ་རཱ་ ཛི་ཡ་མཆོག་གིས་ད་རེས་ཐུགས་ཚབས་དང་བཅས་སྤྱི་ཚོགས་དྲྭ་ལམ་ཐོག་དགོངས་ཚུལ་གསུངས་དགོས་དོན་ནི། ཉེ་ཆར་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ནང་རྟེན་གཞི་བྱེད་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་བལྟ་ཞིབ་ཚོགས་པ་ (Human Rights Watch) ཡིས་ཕྱི་ཚེས་༤གཟའ་ཉི་མ་ཉིན་སྙན་ཐོ་ཞིག་བཏོན་གནང་བའི་ནང་། བོད་རང་སྐྱོང་ལྗོངས་ཀྱི་ས་ཁུལ་ཁག་ཅིག་ཏུ་སྔོན་འགྲོའི་སློབ་གྲྭའི་ཕྲུ་གུ་ཚོས་གཙོས་པས། ས་གནས་བོད་མི་རྣམས་ཀྱི་མོས་མཐུན་ཡོད་མིན་ལ་མ་ལྟོས་པར་ཁོང་ཚོའི་ DNA རིགས་རྫས་དཔེ་མཚོན་གནས་ཚུལ་བསྡུ་རུབ་བྱེད་བཞིན་ཡོད་པ་ནི། འགྲོ་བ་མིའ་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་བཏང་བའི་བྱ་སྤྱོད་ཞིག་རེད་ཅེས་སྐྱོན་བརྗོད་གནང་ཡོད་པ་རེད། དེའི་གོང་ལ་ཕྱི་ལོ་ ༢༠༠༩ ལོར་ཆབ་མདོ་དང་རིམ་པས་ལོ་འདིའི་ནང་སྙེ་མོ་རྫོང་གི་ནང་ཕྲུ་གུའི་ཕ་མ་ཚོར་གོ་བསྡུར་རྩ་བ་ནས་མེད་པའི་ཐོག་ནས་བཙན་བཤེད་ཀྱིས་ཕྲུ་གུ་ཚོའི་རིགས་རྫས་དཔེ་མཚོན་བསྡུ་རུབ་བྱས་པ་སོགས། གང་ལྟར་རྒྱ་ནག་གཞུང་གི་བཀའ་བཀོད་འོག་འདི་ལྟ་བུའི་སྲིད་བྱུས་ལག་བསྟར་བྱེད་ཀྱི་ཡོད་ལུགས་བཀོད་ཡོད་པ་དེའི་རྒྱུ་མཚན་གྱི་ཐོག་ནས་ད་རེས་ཨ་རིའི་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་པས་ཐུགས་ཚབས་དང་བཅས་གསུངས་པ་ཞིག་ཡིན་པ་རེད།
གོང་ཞུས་གནད་དོན་དེའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ནས་ཀྱང་། རྒྱ་ནག་གི་སྲིད་བྱུས་དེ་ནི་རྒྱལ་སྤྱིའི་ཁྲིམས་དང་འགལ་ནས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་བཏང་བའི་བྱ་སྤྱོད་རེད་ཅེས་གསུངས་ཡོད་པ་རེད།
གོང་ཞུས་ཐོབ་ཐང་ཚོགས་པའི་སྙན་ཐོ་ནང་ལུང་འདྲེན་ལྟར་ཉེ་ཆར་ཕྱི་ཟླ་བཞི་པའི་ནང་ལྷ་ས་གྲོང་སྡེ་ལྷན་ཁང་གིས་གནས་ཚུལ་ཞིག་སྤྱི་བསྒྲགས་བྱས་པའི་ནང་། རིགས་རྗས་མཁོ་སྒྲུབ་ཀྱི་ཆེད་དུ་ཁྲག་བཙག་པའི་ལས་གཞི་དེ་ནི་ལུགས་མཐུན་གྱི་ཐོག་ནས་སྔོན་འགྲོའི་སློབ་གྲྭར་འགྲོ་མཁན་གྱི་སློབ་ཕྲུག་དང་། དེ་མིན་གྱི་ས་གནས་གྲོང་མི་ནས་མཁོ་སྒྲུབ་བྱེད་བཞིན་ཡོད་པའི་གནས་ཚུལ་དང་། དེ་བཞིན་བོད་ཀྱི་མཚོ་སྔོན་ཞིང་ཆེན་གྱིས་༢༠༢༠ ལོའི་ཕྱི་ཟླ་༡༢ པའི་སྤྱི་བསྒྲགས་ཤིག་སྤེལ་བའི་ནང་། ཁྲག་བཙག་ནས་རིགས་རྫས་མཁོ་སྒྲུབ་ཀྱི་ལས་གཞི་དེ་བུ་ལོ་ལྔ་དང་དེ་ཡན་གྱི་ལོ་ཚད་ཚང་མ་ནས་བསྡུ་རུབ་བྱེད་བཞིན་ཡོད་པའི་སྐོར་བཀོད་ཡོད་པ་ལུང་འདྲེན་གནང་ཡོད། ཨ་རིའི་གྲོང་ཁྱེར་ནིའུ་ཡོག་གི་འགྲོ་བ་མིའི་ཐོབ་ལྟ་ཞིབ་ཚོགས་པའི་རྒྱ་ནག་སྡེ་ཚན་གྱི་འགན་འཛིན་ལྕམ་Sophie Richarsonལགས་ཀྱིས་རྒྱ་ནག་གཞུང་གིས་བོད་ནང་གི་བོད་མིའི་ལུས་ཐོག་ཁྲག་བཙག་ནས་རིགས་རྫས་མཁོ་སྒྲུབ་གཞི་རྒྱ་ཆེན་པོ་བྱ་ཡུལ་ནི་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་གི་བོད་ཀྱི་ས་ཁུལ་ཁག་བདུན་ཡོད་པ་འབྲེལ་བརྗོད་དང་། དེས་བོད་མིའི་ཐོག་དམ་དྲག་དང་དྲག་གནོན་བྱ་རྒྱུའི་ནུས་པ་ཆེ་རུ་གཏོང་བཞིན་ཡོད་པ་བསྟན་གྱི་ཡོད་ཅེས་བརྗོད་འདུག
གསར་འགོད་པ་། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག