ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་ནང་བོད་རྒྱའི་དཀའ་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་འཆར་ལ་རྒྱབ་སྐྱོར་གནང་སོང་།

དེ་ཡང་འདི་ཚེས་༢༩ཉིན་ཨ་མི་རི་ཀའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ནང་བོད་རྒྱའི་དཀའ་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་འཆར་ཨང་(H. R. 533 Promoting a Resolution to the Tibet-China Conflict Act)་པ་བསྐྱར་བཅོས་གནང་བ་ངོ་སྤྲོད་གནང་པའི་སྐབས། ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་(Michael McCaul)་ལགས་ཀྱིས་ཁྲིམས་འཆར་འདི་བཞིན། མང་གཙོ་ཆབ་སྲིད་ཚོགས་པའི་གྲོས་ཚོགས་འཐུས་མི་(Jim McGovern)་ལགས་དང་མཉམ་ལས་ཀྱིས་འདོན་སྤེལ་གནང་པའི་ཁྲིམས་འཆར་ཡིག་ཞིག་ཡིན་པས། འདི་ནི་གྲོས་ཚོགས་གོང་འོག་དང་ཆབ་སྲིད་ཚོགས་པ་གཉིས་ཀའི་འཐུས་མིས་རྒྱབ་སྐྱོར་ཡོད་པ་ཞིག་ཡིན་པ་གསུངས་པ་དང་མཉམ། ཚོགས་ཆུང་གིས་རྒྱབ་སྐྱོར་དང་འབྲེལ་རྒྱབ་གཉེར་ཞུས་ཡོད་པ་རེད། ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ལྷན་ཚོགས་དེའི་སྐབས། ཚོགས་གཙོ་དང་ཚོགས་མི་མཐོ་གྲས། གཞན་ཡང་ཚོགས་མི་བཅས་ཀྱིས་ཁྲིམས་འཆར་དེའི་ཐོག་བགྲོ་གླེང་དང་བགྲོ་གླེང་གནང་ཡུལ་དུ་བཅར་པའི་བོད་མིའི་སྐུ་ཚབ་རྣམས་ལ་དགའ་བསུ་ཞུས་བ་དང་མཉམ། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་འཚམས་འདྲི་ཞུ་རོགས་ཞེས་བརྡ་ལན་ཡང་ཕུལ་ཡོད་པ་མ་ཟད། སྐབས་དེར་ཚོགས་གཙོ་(Michael McCaul)་ལགས་ཀྱིས་གཏམ་བཤད་སྐབས་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་མ་འོངས་༧སྐུའི་ཡང་སྲིད་གང་ཉིད་རྒྱ་ནག་ནང་འཁྲུངས་རྒྱུ་མིན་པ་བཀའ་གནང་ཟིན་ཡོད་པ་རེད་ཅེས་ལུང་འདྲེན་གནང་སོང་།
མཐའ་དོན་གྲོས་ཚོགས་འཐུས་མི་(Gregory Meeks)་ལགས་དང་། གྲོས་ཚོགས་འཐུས་མི་ཀརིསི་སིམིཐ་བཅས་ཀྱིས་ཁྲིམས་འཆར་དེ་ལ་རྒྱབ་སྐྱོར་ཡོད་པ་གསུངས་པ་དང་འབྲེལ། བོད་ནང་རྒྱ་ནག་གཞུང་གིས་བོད་པའི་སློབ་ཕྲུག་མང་པོ་བཅའ་སྡོད་སློབ་གྲྭར་བཅུག་ནས་བོད་ཀྱི་སྐད་ཡིག་དང་རིག་གཞུང་ཉམས་དམས་སུ་གཏོང་བ་དང་། མི་རིགས་རྩ་མེད་བཟོ་བའི་སྲིད་བྱུས་ལག་བསྟར་བྱེད་པའི་བྱ་ཐབས་འཛིན་པ། བོད་མིའི་ཁྲག་རིགས་རྒྱུད་རྫས་(DNA)་བསྡུ་ལེན་བྱས་པ། མཐའ་ན་བོད་མིའི་མིག་རིལ་གྱི་པར་རིས་ལེན་པ་སོགས་རྒྱ་ནག་དམར་ཤོག་ཚོགས་པས་བོད་ནང་དུ་དྲག་གནོན་ཤུགས་དྲག་བྱེད་པའི་རྣམ་པ་ཤུགས་ཆེ་རུ་བཏང་ཡོད་པ་བརྗོད་དེ་སྐྱོན་བརྗོད་གནང་ཡོད་པ་རེད།
ཁྲིམས་འཆར་དེ་འབུལ་འགོད་སྐབས། ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་(Michael McCaul)་ལགས་ཀྱིས་ཁྲིམས་འཆར་འདི་གྲོས་ཚོགས་ཀྱི་ནང་དུ་མགྱོགས་མྱུར་གཏན་འབེབས་ཀྱིས་ཁྲིམས་ཡིག་ཏུ་འགྱུར་བའི་ཐུགས་རེ་བ་ཆེན་པོ་ཡོད་པ་དང་། ཁྲིམས་འཆར་ཨང་༥༣༣ལ་རྒྱབ་གཉེར་ཞུ་གི་ཡོད་པ་གསུངས་སོང་།
བྱང་ཨ་རིའི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། ད་རེས་ཨ་མི་རི་ཀའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ནང་ངོ་སྤྲོད་རྒྱབ་སྐྱོར་གནང་བའི་བོད་རྒྱའི་དཀའ་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་འཆར་ཨང་(H. R. 533)་ནང་། རྒྱ་ནག་གཞུང་གིས་བོད་དེ་ལོ་རྒྱུས་ཀྱི་ཐོག་ནས་རྒྱ་ནག་གི་ཆ་ཤས་ཡིན་ཚུལ་བརྗོད་བཞིན་པ་དེ་བདེན་པ་མིན་པ་དང་། རྒྱ་ནག་གཞུང་གིས་བོད་ཀྱི་ལོ་རྒྱུས་ལ་འཁྱོག་བརྗོད་དང་། ༧གོང་ས་ཏཱ་ལའི་བླ་མ་མཆོག་དང་། བོད་མིའི་སྒྲིག་འཛུགས་ལ་ལོག་འགྲེལ་འཁྱོག་བཤད་བྱེད་བཞིན་པར་ཨ་རིའི་སྲིད་གཞུང་གིས་གདོང་ལེན་བྱེད་རྒྱུ་སོགས་འཁོད་ཡོད་པས་གནད་འགག་ཆེན་པོ་ཆགས་ཡོད་པ་གསུངས་བྱུང་།
ཟླ་སྔོན་མའི་ནང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཨ་མི་རི་ཀའི་རྒྱལ་སར་གཞུང་དོན་འཚམས་གཟིགས་གནང་སྐབས། ཨ་མི་རི་ཀའི་གྲོས་ཚོགས་གོང་འོག་གི་འཐུས་མི་མང་པོར་དངོས་སུ་མཇལ་ནས་བོད་དོན་དཀའ་རྙོག་སེལ་ཐབས་སུ། བོད་རྒྱ་གྲོས་མོལ་ལ་སྐུལ་འདེད་གཏོང་བའི་ཁྲིམས་འཆར་དེར་གྲོས་ཚོགས་ཀྱི་འཐུས་མི་ཚོས་རྒྱབ་སྐྱོར་ཡོང་ཐབས་དང་། གང་མགྱོགས་གཏན་འབེབས་ཡོང་བའི་འབོད་སྐུལ་ཞུས་གནང་ཡོད།
འདི་ཚེས་༢༩ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་ཐོག་ས་ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ནང་བོད་རྒྱའི་དཀའ་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་འཆར་ཨང་༥༣༣་གཏན་འབེབས་ཡོང་བའི་རྒྱབ་སྐྱོར་གནང་བར་དགའ་བསུ་ཞུས་གནང་འདུག
དེའི་སྔོན་འདི་ཚེས་༢༧ཉིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་ལ་བོད་རྒྱའི་དཀའ་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་འཆར་ཨང་༥༣༣་དེ་ནར་འགྱངས་མེད་པར་གཏན་འབེབས་བྱ་ཐུབ་པའི་འབོད་སྐུལ་ཞུས་ཡོད།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།